ཕྱི་རྒྱལ་གྱི་བུད་མེད་ཅིག་གིས་༧གོང་ས་མཆོག་ལ་སྒྲོ་སྐུར་གྱི་མཚན་སྨད་ཚབས་ཆེན་བྱས་འདུག
ཕྱི་རྒྱལ་གྱི་བུད་མེད་སཱ་མི་རཱ-ཁཱང་(Sameera Khan)ཟེར་བ་ཞིག་གིས་༧རྒྱལ་བ་རིན་པོ་ཆེ་མཆོག་ལ་“འཛམ་གླིང་སྟེང་གི་གུས་བརྩི་ཆེ་ཤོས་བྱེད་ཡུལ་གྱི་བྲན་བདག་ཟུར་པ་”ཞེས་བོས་ཏེ་ཁོང་ལ་ཚད་ལས་འདས་པའི་སྒྲོ་སྐུར་གྱི་མཚན་སྨད་བྱས་འདུག
ཋོའུ་ཋར་དྲ་བའི་ཐོག་རྗེས་འབྲང་བ་དྲུག་ཁྲི་ལྔ་སྟོང་ལྷག་དང་གནད་ཡོད་མི་སྣའི་མཚོན་རྟགས་སྔོན་པོ་(Blue check) ཡོད་པའི་བུད་མེད་དེས་བོད་རྒྱལ་ཁབ་དང་༧རྒྱལ་བ་རིན་པོ་ཆེ་དང་འབྲེལ་བའི་གནས་ཚུལ་རྫུན་མ་དང་། རྒྱ་ནག་གཞུང་གི་རྫུན་བསྒྲགས་རྣམས་ཋོའུ་ཋར་གྱིས་མཚོན་པའི་སྤྱི་ཚོགས་དྲ་ལམ་ཆེ་ཁག་ཏུ་བརྒྱུད་སྤེལ་བྱས་འདུག
སྐྱེ་ཁོངས་པ་ཀི་སི་ཐན་དང་ལས་གནས་གསར་འགོད་པ་ཡིན་པའི་བུད་མེད་དེས། ཕྱི་ཟླ་༡༠ ཚེས་༡༧ ཉིན་ཋོའུ་ཋར་དྲ་བའི་ཐོག་ཏུ་༧རྒྱལ་བ་རིན་པོ་ཆེའི་སྐུ་པར་ཞིག་དང་ལྷན་དུ་དབྱིན་ཡིག་གི་འགྲེལ་བཤད་ཉུང་ངུ་འཁོད་པའི་མི་ལྤགས་ཆེ་ཆུང་གསུམ་གྱི་པར་ཞིག་བཞག་པའི་སྟེང་། “འཛམ་གླིང་སྟེང་གི་གུས་བརྩི་ཆེ་ཤོས་བྱེད་ཡུལ་གྱི་བྲན་བདག་ཟུར་པ་”ཞེས་པའི་མགོ་བརྗོད་ཅིག་བཀོད་འདུག
མི་ལྤགས་ཀྱི་པར་དེའི་འགྲེལ་བཤད་ནང་། “ཁྱོད་ཀྱིས་འདི་དག་གང་ཡིན་ཤེས་སམ། འདི་དག་ནི་བོད་མིའི་པགས་པ་རེད། ཏཱ་ལའི་བླ་མས་ནང་ཆོས་ཀྱི་ཆོ་ག་འགའ་སྒྲུབ་པའི་ཆེད་མི་ལྤགས་བེད་སྤྱོད་བྱས་ཡོད། བྲན་བདག་ཚོས་བྲན་གཡོག་རྣམས་བསད་དེ་ཁོ་ཚོའི་པགས་པ་བཤུ་གི་ཡོད། པར་འདིའི་ནང་གཞོགས་གཡས་གཡོན་གཉིས་ནི་བྱིས་པའི་པགས་པ་ཡིན་པ་གསལ་པོ་རེད། དཀྱིལ་མ་དེ་བྲན་གཡོག་རྒན་པ་ཞིག་གི་པགས་པ་རེད། བྲན་བདག་ཚོས་ཏཱ་ལའི་བླ་མ་ལ་མི་ལྤགས་འབུལ་འདོད་བྱེད་ཀྱི་ཡོད། རྒྱུ་མཚན་ནི་ཁོ་ཚོས་ཏཱ་ལའི་བླ་མས་ཁོ་ཚོར་ནང་ཆོས་ཀྱི་ལུགས་ལྟར་བྱིན་རླབས་སྟེར་བའི་ཡིད་ཆེས་བྱེད་ཀྱི་ཡོད་”ཅེས་བྲིས་འདུག
ད་ལྟའི་ཆར་མོས་ཋོའུ་ཋར་དྲ་བའི་ཐོག་ཏུ་བཏང་བའི་པར་དང་སྐུར་འདེབས་དེ་ལ་དགའ་རྟགས་སུམ་སྟོང་སུམ་བརྒྱ་ལྷག་དང་བརྒྱུད་སྤེལ་བྱེད་མཁན་ཆིག་སྟོང་བཞི་བརྒྱ་ཙམ་བྱུང་འདུག་པ་མ་ཟད། མོས་སྐུར་འདེབས་དེའི་བདེན་དཔང་གི་ཚུལ་དུ་རྒྱུན་པར་རྒྱ་ནག་གི་འདོད་བློ་ལྟར་བྲིས་པའི་རྩོམ་ཡིག་དང་འདྲ་པར་མི་ཉུང་བ་ཞིག་ཀྱང་བརྒྱུད་འགོད་བྱས་འདུག
རྒྱ་ནག་གཞུང་གིས་སྔོན་ཆད་རྒྱལ་སྤྱིའི་གསར་ཁང་ཆེ་ཁག་དང་། གསར་འགོད་པ་རྣམས་ལ་སྒོར་མོ་ཕོན་ཆེན་བཏང་ནས་རྒྱ་ནག་གི་རྫུན་བསྒྲགས་བརྒྱུད་སྤེལ་བྱེད་དུ་འཇུག་གི་ཡོད་ན་ཡང་། དེང་སྐབས་བདེན་རྫུན་གྱི་གནས་ཚུལ་ཕལ་མོ་ཆེ་སྤྱི་ཚོགས་དྲ་ལམ་ནས་འཐོན་བཞིན་ཡོད་སྟབས། རྒྱ་ནག་གིས་རྫུན་བསྒྲགས་ཀྱི་བརྒྱུད་ལམ་ཕྲན་བུ་བསྒྱུར་ནས་སྤྱི་ཚོགས་དྲ་ལམ་ཐོག་ཏུ་ལྟ་ཀློག་བྱེད་མཁན་གྱི་རྗེས་འབྲང་མང་པོ་ཡོད་པའི་མི་རྣམས་ལ་རྒྱ་ནག་གཞུང་གི་རྫུན་དང་འཁྱོག་བཤད་རྣམས་སྒྲོག་ཏུ་འཇུག་གི་ཡོད།
དེ་སྔོན་ཕྱི་ཟླ་༨ པའི་ཟླ་སྨད་དུ་མིང་ལ་ཌན་ནལ-ཌམ་བྷིལ་(Daniel Dumbrill) ཟེར་བའི་ཁ་ན་ཊའི་ཚོང་པ་ཞིག་བོད་ཀྱི་རྒྱལ་ས་ལྷ་སས་གཙོས་པའི་གནས་ཆེན་ཁག་ལ་ཕྱིན་པ་མ་ཟད། བོད་ཀྱི་གནས་ཚུལ་དངོས་ལ་རྒྱུས་ལོན་བྱེད་བཞིན་རྣམ་པའི་ཐོག་ནས་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་གནས་ཚུལ་རྣམས་ལ་འཁྱོག་བཤད་བྱས་ཡོད།
བོད་པ་དང་༧གོང་ས་མཆོག་ལ་དད་མོས་བྱེད་མཁན་མང་པོ་ཞིག་གིས་བུད་མེད་དེའི་འདྲ་པར་དང་། རྫུན་གཏམ་དེ་སྤྱི་ཚོགས་དྲ་ལམ་དུ་བཞག་ནས་མོ་ལ་ཁ་རྡུང་དང་སྐྱོན་བརྗོད་དྲག་པོ་བྱས་འདུག་པ་མ་ཟད། མང་པོ་ཞིག་གིས་མོ་སྤྱི་ཚོགས་དྲ་ལམ་ནས་བཀག་འགོག་བྱེད་དུ་འཇུག་དགོས་པའི་སྐུལ་མའང་བཏང་འདུག
རྒྱ་ནག་གཞུང་གིས་ལོ་རེར་ངོ་དེབ་དང་། ཋོའུ་ཋར། ཡོའུ་ཊོབ་ལ་སོགས་པའི་སྤྱི་ཚོགས་དྲ་བའི་ཁ་བྱང་རྫུན་མ་ས་ཡ་མང་པོ་བཟོས་ནས་འཛམ་གླིང་མི་མང་གི་ལྟ་ཕྱོགས་དང་མཐོང་སྟངས་ལ་ཤུགས་རྐྱེན་སྟེེར་བའི་འབད་བརྩོན་བྱེད་ཀྱིན་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།