ཕྱི་ལ་བལ་དང་ནང་ལ་ཚེར་མ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༦༢༣  ཕྱི་ལོ་ ༢༠༡༦/༡༡ /༣༠

བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་དེང་སྐབས་ཀྱང་བྱེད་སྟངས་མང་པོ་ཞིག་རྐང་མ་ཚུགས་པའམ། ཡང་ན་གནད་དོན་གང་ཡིན་ཡང་བྱེད་སྟངས་གཏན་མ་འཁེལ་བ་བྱ་སྤུ་རླུང་ཁྱེར་དང་ཤོག་སྦུག་རླུང་འཚང་ལྟ་བུར་གྱུར་འདུག་ཅེས་བརྗོད་ཆོག་པ་ཞིག་རེད། གནད་དོན་མང་པོ་ཞིག་གཡམ་རྒྱུག་འུར་འདྲོགས་ཀྱི་བཟོ་ལྟ་བུ་ཤུགས་ཆེན་པོ་ཡོད་པས། དུས་ནས་དུས་སུ་བྱེད་སྟངས་དང་བཤད་སྟངས་ཚང་མར་མི་འདྲ་བ་སྣ་ཚོགས་ཤིག་ཡོང་གི་ཡོད་པ་རེད། སྤྱིར་སྐབས་དང་དུས་སོ་སོར་བསྟུན་ནས་སྲིད་བྱུས་དང་བྱེད་སྟངས་ཚང་མ་འགྱུར་བ་གཏོང་དགོས་པ་ཞིག་ཡིན། འོན་ཀྱང་སྤྱི་ཚོགས་ཀྱི་ཁོར་ཡུག་དང་གནས་སྟངས་རྒྱ་ཆེ་ས་རུ་བལྟ་མ་ཐུབ་པར། ཁོར་ཡུག་ཆུང་ངུ་ཞིག་ལ་བལྟས་ནས་ཟློས་གར་འཁྲབ་པ་ལྟ་བུ་འདི་དག་གིས་འཕྲལ་ཕུགས་གང་ཐད་ནས་གནོད་ལས་ཕན་ཐོགས་གང་ཡང་མེད། དེར་བརྟེན་དེང་སྐབས་གོ་ལ་ལག་མཐིལ་དུ་ཡོད་པ་ལྟ་བུའི་དུས་རབས་འདིར། བོད་པས་ཀྱང་སྔོན་གྱི་བྱེད་སྟངས་ལྟ་བུ་མ་ཡིན་པར་འཛམ་གླིང་སྤྱིའི་ཁོར་ཡུག་ལ་བསྟུན་དགོས་པ་དེ་ཡང་ཧ་ཅང་གལ་ཆེན་པོར་གྱུར་ཡོད།

ད་ལྟའི་ཆར་བོད་གཞིས་བྱེས་གཉིས་ཀྱིས་རེ་བའི་མིག་འབུར་གཏོད་ས་དང་། སྐྱིད་སྡུག་ཡག་ཉེས་ཞུ་ས། གཞིས་བྱེས་བོད་མི་ཡོངས་རྫོགས་གཅིག་སྒྲིལ་གྱི་གཞི་རྩ་ཁོ་ན་ཡིན་པ་དང་། ད་ལྟའི་ཆར་བོད་པའི་ཆོས་དང་རིག་གནས་མི་རིགས་སོགས་ཀྱི་ངོ་བོ་མ་ཉམས་པ་འདི་ཡང་། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་འབྲེལ་བ་ཡོད་པ་འབའ་ཞིག་ཏུ་གྱུར་ཡོད་པ་ནི་སྨྲོས་མི་དགོས་པ་རེད། དེར་བརྟེན་བོད་མི་ཡོངས་རྫོགས་ཀྱི་ངོས་ནས་བཀའ་དྲིན་ལ་ངོས་འཛིན་དང་བསམ་ཤེས་དགོས་པ་དེ་ལས་འབྲས་ཀྱིས་བསྐུལ་བའི་འོས་འགན་ཞིག་ཏུ་གྱུར་ཡོད་པ་ལས། ཁྲལ་དང་བུ་ལོན་ལྟ་བུ་ཞིག་ཏུ་གྱུར་མེད་པའང་གསལ་པོ་རེད། འོན་ཀྱང་སྙིགས་མ་ལྔ་བདོ་བའི་དུས་འདིར་བསོད་ནམས་དམན་པའི་སྐྱེ་བོ་ཧ་ཅང་མང་བ་མ་ཟད། དུས་རབས་ཉེར་གཅིག་པར་མི་ཚང་མའི་བསམ་བློ་གཅིག་མཚུངས་མིན་པས། ཚང་མ་གཅིག་མཚུངས་མ་བྱུང་ཡང་ཟུར་འཕུད་དང་དབྱེ་འབྱེད་བྱེད་ཐབས་གཏན་ནས་མེད་པ་འདི་ཡང་དུས་རབས་ཀྱི་འགྲོས་དང་བསྟུན་ནས་བསམ་བློ་གཏོང་དགོས།

ལོ་འདིར་དོལ་རྒྱལ་ཁ་ཁྱེར་བ་གཏན་ནས་མིན་ཞེས་བརྗོད་བཞིན་༧གོང་ས་མཆོག་ལ་མཚན་སྨོད་ཞུ་མཁན་རེ་ཟུང་བྱུང་ཞིང་། དེ་དག་ལས་ཁ་ཤས་སྤྱི་ཚོགས་ནས་ཟུར་འཕུད་བྱ་རྒྱུ་དང་། ཁ་ཤས་ལ་མི་དེ་དང་དེ་དག་གི་ལུང་ཚན་གྱིས་སྡིགས་ར་དང་བཅས་ཆོས་དང་ཟང་ཟིང་གི་འབྲེལ་བ་བཅད་དེ་སྤྱི་ཚོགས་ནས་ཟུར་འཕུད་བྱ་རྒྱུའི་གསལ་བསྒྲགས་སྤེལ་བ། འདི་དག་གི་ཀུན་སློང་དང་རྒྱབ་ལྗོངས་གང་ཡིན་ཐག་བཅད་ནས་བཤད་དཀའ་ཞིང་། མི་སྒེར་སོ་སོའི་དམིགས་ཡུལ་དང་ཀུན་སློང་ཁེ་ཕན་ལེན་སྟངས་བཅས་མི་འདྲ་བ་སྣ་ཚོགས་ཡོད་སྲིད་ཀྱང་། སྤྱི་ཁོག་ཙམ་ལ་བལྟས་ན་༧གོང་ས་མཆོག་ལ་དད་དམ་གཡོ་བ་མེད་པའི་མཚོན་རྟགས་ལྟ་བུར་ངོས་འཛིན་བྱེད་དགོས་པར་སྣང་། འོན་ཀྱང་རྒྱ་གཞུང་གིས་དུས་རྒྱུན་༧གོང་ས་མཆོག་ལ་མཚན་སྨོད་སྐུར་འདེབས་ཚད་ལས་བརྒལ་བ་བྱེད་བཞིན་ཡང་རྒྱ་ནག་གཞུང་ཚབ་ཁང་དུ་ཡང་ཡང་རྒྱུག་པ་དག་ལ་བལྟས་ན་ཕྱི་ལ་འཇམ་པོ་བལ་དང་། ནང་ལ་རྩུབ་མོ་ཚེར་མ་ལྟ་བུའི་བྱེད་སྟངས་ཐོག་མདུད་པ་དཀྲོལ་དཀའ་བའི་དོགས་པ་ཞིག་ཀྱང་རང་བཞིན་གྱིས་མཆིས།

དོན་གྱིས་རྒྱ་བལ་འབྲུག་གསུམ་ཕུད་པའི་ཕྱི་རྒྱལ་ཡུལ་ཁག་ཏུ་སྡོད་མཁན་ཞིག་སྤྱི་ཚོགས་ནས་ཟུར་འཕུད་བྱེད་ཐབས་ཡོད་མེད་ཟུར་བལྟས་ལེབ་མཐོང་ཡིན་པ་དང་། ལྷག་པར་དུ་༧གོང་ས་མཆོག་ལ་མཚན་སྨོད་ཞུ་མཁན་ཡིན་པས་བཙན་བྱོལ་བོད་པའི་སྤྱི་ཚོགས་ནས་ཟུར་འཕུད་བྱེད་པའི་བྱེད་སྟངས་འདིས་༧གོང་ས་མཆོག་གི་མཚན་སྙན་སྲུང་སྐྱོབ་ལ་ཕན་ནམ། ཡང་ན་མཚན་ཤས་སུ་འགྲོ་སྲིད་པ་འདི་དག་གི་ཐོག་ལའང་བསམ་ཞིབ་ངེས་པར་དུ་བྱེད་དགོས། ཁ་གསལ་ཙམ་བཤད་ན་དོལ་རྒྱལ་ཁ་ཁྱེར་བ་དག་གི་བྱེད་སྟངས་ཐོག་ཕྱི་ལོ་༢༠༠༨ ལོའི་སྔོན། མི་རིགས་གཞན་གྱི་མདུན་ནས་རྩོད་པའི་རྒྱལ་ཁ་ང་ཚོ་ལ་ཆ་ཚང་ཡོད་ཀྱང་། དགེ་འདུན་པས་དམ་ཆོས་འདུལ་བའི་དགོངས་དོན་བཞིན་ཚུལ་ཤིང་བཞེས་ནས་ཆོས་དང་ཟང་ཟིང་གི་འབྲེལ་བ་བཅད་པ་དང་། སྤྱི་ཚོགས་ཁྱོན་ཡོངས་ནས་དེ་ལ་ལད་ཟློས་བྱས་ནས་ལས་འགུལ་འདྲ་མིན་དང་ཡིག་ཆ་འདྲ་མིན་སྦྱར་འགྲེམས་བྱས་པ་ནས་བཟུང་འཛམ་གླིང་ཤར་ནུབ་གང་སར་ང་ཚོའི་ལྟ་སྟངས་དང་མི་འདྲ་ཞིག་བྱུང་ཡོད་པར་བསམ་བློ་མི་གཏོང་ཀ་མེད་རེད།

མདོར་ན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཤཱཀྱའི་དགེ་སློང་ཞིག་ལ་མཚན་སྙན་གྲགས་དང་གུས་ཞབས་དགོས་པ་ཞིག་མིན་པ་མ་ཟད། མགོན་པོ་གང་ཉིད་ཀྱང་མཚན་སྙན་གྲགས་དང་གུས་ཞབས་དོན་གཉེར་གནང་མཁན་ཞིག་མིན་པ་ཚང་མས་ཤེས་གསལ་ཡིན་ཡང་། ༧གོང་ས་མཆོག་གི་མཚན་སྙན་གྲགས་དེ་བོད་པ་སྤྱི་ལ་དགོས་གལ་ཆེ་ཤོས་ཡིན་པས། བོད་མི་ཡིན་ནོ་ཅོག་ལ་༧གོང་ས་མཆོག་གི་མཚན་སྙན་སྲུང་སྐྱོབ་བྱ་རྒྱུའི་འོས་འགན་ཡོད། འོན་ཀྱང་མཚན་སྙན་སྲུང་སྐྱོབ་བྱེད་སྟངས་ཇི་བཞིན་མ་ཤེས་པའམ། བེད་སྤྱོད་ལོག་པར་བཏང་ནས་མཚན་ཤས་སུ་འགྲོ་སྲིད་པའི་རིགས་ལ་དོགས་ཟོན་ནན་པོ་གནང་དགོས། ཆོས་དང་རིག་གནས་ཀྱི་རྒྱབ་ལྗོངས་ཐོག་ནས་བོད་པར་དེའི་རིགས་ལ་ངོས་འཛིན་བྱེད་སྟངས་མི་འདྲ་བ་ཞིག་ཡོད་ཀྱང་། འཛམ་གླིང་སྤྱི་དང་བྱེ་བྲག་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ཏུ་༧གོང་ས་མཆོག་ལ་མཚན་སྨོད་ཞུ་མཁན་དག་བཙན་བྱོལ་བོད་པའི་སྤྱི་ཚོགས་ནས་ཟུར་འཕུད་བྱས་པའམ། བྱེད་ཐབས་བྱས་པ་དག་ལ་གོ་བ་ལེན་སྟངས་ག་འདྲ་ཞིག་ཡོད་མེད་ཚང་མས་བསམ་བློ་གཏོང་དགོས།།