ཕྱི་ལོ་༡༩༨༧ ལོའི་རྗེས་སུ་རྒྱ་གར་ནང་སྐྱེ་མཁན་བོད་མི་ཚོར་རྒྱ་གར་གྱི་འོས་བླུག་ཆོག་པར་བརྗོད་པ་དེ་གོ་ནོར་ཡིན་སྲིད་པ་སིམ་སྤྱིས་བརྗོད་བྱུང་།
ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་རྣམ་གཉིས་དང་མཇལ་འཕྲད་གནང་སྐབས། ཕྱི་ལོ་༡༩༨༧ ལོའི་རྗེས་སུ་རྒྱ་གར་ནང་སྐྱེ་མཁན་བོད་མི་རྣམས་ལ་རྒྱ་གར་གྱི་འོས་བསྡུའི་ནང་འོས་ཤོག་འཕེན་རྒྱུའི་ཐོབ་ཐང་ཡོད་པར་ནན་བརྗོད་བྱས་པ་རྒྱ་གར་སོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་མང་པོས་སྤེལ་ཡང་། དེའི་སྐོར་སིམ་སྤྱི་ཚེ་དབང་ཕུན་ཚོགས་ལ་འདྲི་སྐབས། ཁོང་གིས་སྐད་ཆ་འདི་ལ་གོ་ནོར་ཐེབས་སྲིད་པ་དང་། ཕྱི་ལོ་༡༩༨༧ ལོའི་སྔོན་ལ་སྐྱེ་མཁན་བོད་མི་རྣམས་ལ་རྒྱ་གར་གྱི་འོས་བསྡུའི་ནང་འོས་ཤོག་འཕེན་རྒྱུའི་ཐོབ་ཐང་ཡོད་པ་ལས། ལོ་དེའི་རྗེས་སུ་སྐྱེ་མཁན་ཚོ་ལ་ཐོབ་ཐང་དེ་འདྲ་ཡོད་མེད་ཤེས་ཀྱི་མེད་ཅེས་བརྗོད་བྱུང་།

ཟླ་འདིའི་ཚེས་༤ ཉིན་(HIMACHAL HEADLINES) ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཚེས་༣ ཉིན་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་སྤྱི་འཐུས་ཙ་ནེ་ཚང་དོན་གྲུབ་བཀྲ་ཤིས་དང་ཚེ་རིང་དབྱངས་ཅན་གཉིས་དང་མཇལ་འཕྲད་གནང་སྐབས། སྤྱི་འཐུས་རྣམ་པ་གཉིས་ཀྱིས་རྒྱ་གར་གཞུང་གི་བཀའ་དྲིན་ལ་བརྟེན། བོད་མིའི་སྒྲིག་འཛུགས་ཀྱིས་ད་བར་ལས་དོན་འཐུས་ཚང་བསྒྲུབ་ཐུབ་པ་བྱུང་ཡོད་པ་དང་། ཁོང་རྣམ་གཉིས་ཀྱིས་བོད་རང་བཙན་གྱི་ལས་འགུལ་ཐོག་ཆོད་སེམས་བརྟན་པོ་ཡོད་པ་དང་། འཐབ་རྩོད་མུ་མཐུད་གནང་རྒྱུའི་སེམས་ཤུགས་བརྟན་པོ་ཡོད་པར་ནན་བརྗོད་གནང་ཡོད་པར་བཀོད་འདུག
མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་(Kuldeep Singh Pathania) ཡིས་བོད་མི་རྣམས་རྒྱ་གར་ལ་ལོ་ངོ་༦༥ ལྷག་གནས་སྡོད་བྱེད་བཞིན་ཡོད་པ་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་༧གོང་ས་མཆོག་གི་བཞུགས་གནས་དྷ་ས་ནི་བོད་མིའི་འཐབ་རྩོད་ཀྱི་ལྟེ་བ་ཆགས་ཡོད་པ་མ་ཟད། ཧིན་བོད་གཉིས་ཀྱི་བར་ལོ་རྒྱུས་དང་རིག་གཞུང་གི་འབྲེལ་བ་ཡོད་པ་ངོས་འཛིན་བྱས་ཡོད་པར་བརྗོད་འདུག
དེ་བཞིན་ཁོང་གིས་རྒྱ་གར་གཞུང་གིས་བཙན་བྱོལ་བོད་གཞུང་ལ་རྒྱུན་དུ་རྒྱབ་སྐྱོར་གནང་གི་ཡོད་པ་ལྟར་མུ་མཐུད་ཐེ་ཚོམ་མེད་པར་རྒྱབ་སྐྱོར་གནང་རྒྱུ་ཡིན་ཞེས་དང་། ཁོང་སྒེར་གྱིས་༧གོང་ས་མཆོག་ལ་གུས་བརྩི་ཞུ་བཞིན་ཡོད་པ་དང་། རིང་མིན་བཞུགས་སྒར་དུ་་༧གོང་ས་མཆོག་མཇལ་ཁ་བཅར་རྒྱུའི་འཆར་གཞི་ཡོད་ཅེས་བརྗོད་འདུག
གཞན་ཡང་། ཁོང་གིས་ཕྱི་ལོ་༡༩༨༧ ལོའི་རྗེས་སུ་རྒྱ་གར་ནང་སྐྱེ་མཁན་བོད་མི་རྣམས་ལ་རྒྱ་གར་གྱི་འོས་བསྡུའི་ནང་འོས་ཤོག་འཕེན་རྒྱུའི་ཐོབ་ཐང་ཡོད་པར་ནན་བརྗོད་བྱས་པ་རྒྱ་གར་གྱིས་གསར་ཁང་ཁག་གིས་སྤེལ་ཡོད་འདུག ཡིན་ཡང་། དེ་སྔར་ཕྱི་ལོ་༡༩༥༠ ཟླ་༡ ཚེས་༢༦ ནས་༡༩༨༧ ཟླ་༧ ཚེས༡ བར་རྒྱ་གར་ནང་སྐྱེ་མཁན་བོད་པ་ཚོ་ལ་རྒྱ་གར་གྱི་འོས་བསྡུའི་ནང་འོས་འཕེན་རྒྱུའི་ཐོབ་ཐང་ཡོད་ཅེས་རྒྱ་གར་གྱི་ཁྲིམས་ནང་གསལ་བ་ལས། ཕྱི་ལོ་༡༩༨༧ རྗེས་སུ་སྐྱེ་མཁན་ཚོ་ལ་འོས་འཕེན་རྒྱུའི་ཐོབ་ཐང་ཡོད་པའི་གནས་ཚུལ་བྱུང་མེད་པར་བརྟེན། ཉེ་ཆར་སྤྱི་འཐུས་ཀྱི་སྐུ་ཚབ་རྣམ་པ་གཉིས་དང་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཇལ་འཕྲད་སྐབས། སིམ་སྤྱི་ཚེ་དབང་ཕུན་ཚོགས་ཀྱང་མཉམ་དུ་ཡོད་པས། འདི་གའི་གསར་འགོད་པས་གནས་ཚུལ་དེ་གསལ་བོ་ཆགས་ཆེད་སིམ་སྤྱི་ལ་ཁ་པར་བརྒྱུད་འབྲེལ་བ་བྱེད་སྐབས། ཁོང་གིས་གནས་ཚུལ་དེ་གོ་ནོར་ཐེབས་ནས་བཀོད་ཡོད་སྲིད་པ་མ་གཏོགས། ཕྱི་ལོ་༡༩༥༠ ནས་༡༩༨༧ བར་དུ་རྒྱ་གར་ནང་སྐྱེ་མཁན་བོད་མི་རྣམས་ལ་འོས་འཕེན་གྱི་ཐོབ་ཐང་ཡོད་པ་ལས། ཕྱི་ལོ་༡༩༨༧ རྗེས་སུ་སྐྱེ་མཁན་ཚོ་ལ་དེ་འདྲའི་ཐོབ་ཐང་ཡོད་པ་ཤེས་ཀྱི་མེད་ཅེས་གསལ་བཤད་གནང་བྱུང་།
རྒྱ་གར་གྱི་ཁྲིམས་ལྟར་ན། ཕྱི་ལོ་༡༩༨༧ རྗེས་སུ་ཕ་མ་གང་རུང་ཞིག་རྒྱ་གར་གྱི་མི་སེར་ཡིན་ན་ཕྲུ་གུ་དེས་རྒྱ་གར་གྱི་མི་སེར་ལག་འཁྱེར་ལེན་ཆོག་པ་མ་ཟད། ཕྱི་ལོ་༡༩༥༠ ནས་༡༩༨༧ བར་རྒྱ་གར་ནང་དུ་སྐྱེ་མཁན་སུ་འདྲ་ཞིག་ཡིན་ཡང་། རྒྱ་གར་གྱི་མི་སེར་ལག་འཁྱེར་ལེན་ཆོག་གི་ཡོད་འདུག
ཕྱི་ལོ་༢༠༡༦ ཟླ་༩ ཚེས་༣༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་སྤེལ་བའི་རྒྱ་གར་མི་སེར་གྱི་ལག་འཁྱེར་བཟོ་དང་མི་བཟོ་བོད་མི་སྒེར་སོ་སོས་ཐག་གཅོད་གནང་རྒྱུ་རེད་ཅེས་པའི་གསར་འགྱུར་ནང་། རྒྱ་གར་གྱི་འོས་བླུག་ཆོག་པའི་ལག་འཁྱེར་དང་། ཕྱི་སྐྱོད་ལག་འཁྱེར་(Passport) བཟོས་པ་ཡིན་ནའང་རེད། དེ་བཞིན་རྒྱ་གར་མི་སེར་ཞུས་ན་ཨ་ཅང་ཅང་སྐྱབས་བཅོལ་ལག་འཁྱེར(RC) དང་། དེབ་སེར་པོ་ཡར་བསྡུ་དགོས་ཀྱི་ཡོད་ཅེས་དང་། འོས་བླུག་རྒྱུའི་ལག་འཁྱེར་བླངས་ཚར་རྗེས། སྐྱབས་བཅོལ་ལག་འཁྱེར་དང་ལག་དེབ་སེར་པོ་ཉར་ཆོག་གི་མེད། དེ་ཐུགས་ལ་ཉར་རོགས་གནང་ཞེས་བཀོད་འདུག
བོད་མི་མང་སྤྱི་འཐུས་ཙ་ནེ་ཚང་དོན་གྲུབ་བཀྲ་ཤིས་དང་ཚེ་རིང་དབྱངས་ཅན་གཉིས་ཟླ་འདིའི་ཚེས་༢ ནས་༡༤ བར་རྒྱ་གར་བྱང་ཕྱོགས་གཞིས་ཆགས་ཁག་ཅིག་དང་ཁྱབ་ཁོངས་ས་གནས་ཁག་ལ་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་གནང་བཞིན་ཡོད་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།