ཕྱི་ལོ་༢༠༢༡ ནས་ད་བར་སྒེར་བཙུགས་སློབ་གྲྭ་ལྔ་སྒོ་བརྒྱབ་པའི་སྐོར་རྒྱལ་སྤྱིའི་འགྲོ་བ་མི་ཐོབ་ཐང་ལྟ་ཞིབ་ཚོགས་པས་བརྗོད་འདུག

རྒྱ་ནག་གཞུང་གིས་བོད་ནང་རྒྱ་བསྒྱུར་གྱི་སྲིད་བྱུས་འོག་བོད་པའི་སྒེར་བཙུགས་སློབ་གྲྭ་མང་པོ་ཞིག་སྒོ་རྒྱག་བཞིན་པར་བརྟེན། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་ནག་གཞུང་གིས་སྒོ་བརྒྱབ་པའི་བོད་ནང་གི་སྒེར་བཙུགས་སློབ་གྲྭ་རྣམས་ཀྱི་སྐོར་གནས་ཚུལ་ཞིག་སྤེལ་འདུག
ཕྱི་ཚེས་༥ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་རྒྱ་ནག་གཞུང་གིས་བོད་ནང་རྒྱ་བསྒྱུར་སྲིད་བྱུས་འོག་བོད་པའི་སྒེར་བཙུགས་སློབ་གྲྭ་མང་པོ་ཞིག་སྒོ་བརྒྱབ་ཡོད་པ་དག་གི་སྐོར་གནས་ཚུལ་ཞིག་སྤེལ་འདུག་པ་དང་། གནས་ཚུལ་དེ་དག་གི་ནང་དུ་རྒྱ་ནག་གིས་བོད་ནང་དུ་བོད་པའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པའི་ཁོངས་ནས་བོད་པའི་སྒེར་བཙུགས་སློབ་གྲྭ་མང་པོ་ཞིག་སྒོ་བརྒྱབ་ཡོད་པ་དང་། བོད་པའི་སྒེར་བཙུགས་སློབ་གྲྭ་དེ་དག་གི་ནང་བོད་པའི་སྐད་དང་ཡི་གེ ཆོས་དང་རིག་གཞུང་སོགས་སློབ་ཀྱི་ཡོད་པར་བརྗོད་འདུག
ཕྱི་ལོ་༢༠༢༤ ཟླ་བ་༧ པའི་ནང་བོད་མདོ་སྨད་མཚོ་སྔོན་ཁུལ་གྱི་རྭ་རྒྱ་འཇིགས་མེད་རྒྱལ་མཚན་གྱི་ལག་ཤེས་སློབ་གྲྭ་ཟེར་བ་དེ་སྒོ་བརྒྱབ་ཡོད་པ་དང་། སློབ་གྲྭ་དེ་རྭ་རྒྱ་དགོན་པའི་ཁོངས་ནས་གསར་འཛུགས་བྱས་ཡོད་པ་དང་། སློབ་གྲྭ་དེ་སྒོ་བརྒྱབ་པར་བརྟེན་ནས་བོད་པའི་ན་གཞོན་མང་པོ་ཞིག་གི་མི་ཚེ་ལ་གྱོང་གུད་ཆེན་པོ་ཕོག་ཡོད་ཅིང་། བོད་པའི་སྤྱིའི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཐད་དོ་ཕོག་ཆེན་པོ་བཏང་ཡོད་པར་བརྗོད་འདུག རྒྱུ་མཚན་ནི་སློབ་གྲྭ་དེའི་ནང་འདས་པའི་མི་ལོ་༣༠ ཙམ་གྱི་རིང་ལ་བོད་པའི་སྐད་ཡིག་དང་། ཆོས་དང་རིག་གཞུང་། དེ་བཞིན་རྒྱ་ཡིག དེང་རབས་ཀྱི་ལག་རྩལ་སོགས་སློབ་ཚན་མང་པོ་ཞིག་སློབ་ཁྲིད་གནང་གི་ཡོད་པར་བརྗོད་པ་དང་། ཐོག་མར་སློབ་གྲྭ་དེ་འགོ་འཛུགས་བྱེད་དུས་རྒྱ་ནག་གཞུང་རང་ནས་ཆོག་མཆན་ཡོད་པའི་ཐོག་ནས་འགོ་འཛུགས་བྱས་ཡོད་ཀྱང་། ལོ་སྔོན་མར་བཙན་དབང་ཐོག་ནས་སྒོ་བརྒྱབ་བཅུག་ཡོད་པར་བརྗོད་འདུག
ཕྱི་ལོ་༢༠༢༤ ཟླ་བ་༡༢ པའི་ནང་བཙན་བྱོལ་ནང་གི་གསར་ཁང་ཁག་གི་གནས་ཚུལ་ལ་གཞི་བཅོལ་ནས་བརྗོད་དོན་ལ། ཧཱུྃ་དཀར་རྡོ་རྗེ་རིན་པོ་ཆེ་ཡིས་ས་ཁུལ་དེ་རང་དུ་ལག་ཤེས་སློབ་གྲྭ་ཞིག་རྒྱ་ནག་གཞུང་གིས་ཆོག་མཆན་ཡོད་པའི་ཐོག་ནས་ཕྱི་ལོ་༢༠༠༧ འགོ་འཛུགས་བྱས་ཡོད་འདུག་པ་དང་། ཕྱིས་སུ་རིན་པོ་ཆེ་ཟླ་བ་མང་པོ་རིང་ཉེན་རྟོག་པས་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་ཡོད་འདུག་ཅིང་། ས་གནས་མི་མང་གིས་ཁོང་གི་སྐུ་ཚེ་ལ་སེམས་ཁྲལ་ཆེན་པོ་བྱུང་ཡོད་འདུག དེ་རྗེས་ཕྱི་ཟླ་༤ པའི་ནང་གྲྭ་པ་རྒན་པ་ཞིག་འཛིན་བཟུང་བྱས་ཡོད་འདུག་ཅིང་། དེ་བཞིན་ཤེས་ཡོན་སློབ་གསོ་བ་མཁན་པོ་བསྟན་པ་དར་རྒྱས་ཟེར་བ་ཞིག་དང་། གཞན་མི་༢༠ འཛིན་བཟུང་བཙན་ཁྲིད་བྱས་ཡོད་པར་བརྗོད་འདུག འཛིན་བཟུང་བཙན་ཁྲིད་བྱས་པའི་ཁོངས་ནས་ཕྱི་ཟླ་༡༢ ཚེས་༡༥ ཉིན་མགོན་པོ་རྣམ་རྒྱལ་གློད་བཀྲོལ་བཏང་ཡོད་འདུག་ཀྱང་། ཉིན་གསུམ་གྱི་རྗེས་ཁོང་བཙོན་ཁང་དུ་མནར་གཅོད་བཏང་བའི་དབང་གིས་འདས་གྲོངས་སུ་གྱུར་ཡོད་པར་བརྗོད་འདུག
ཕྱི་ལོ་༢༠༢༡ ནས་ད་བར་རྒྱ་ནག་གཞུང་གིས་རྒྱུ་མཚན་གང་ཡང་མ་བཤད་ནས་བོད་བྱང་ཕྱོགས་སུ་ཡོད་པའི་སྒེར་བཙུགས་སློབ་གྲྭ་ལྔ་སྒོ་བརྒྱབ་ཡོད་པར་བརྗོད་འདུག་ཅིང་། སློབ་གྲྭ་དེ་ཚོ་སྒོ་བརྒྱབ་རྗེས་སློབ་མ་ཚོ་རྒྱ་ནག་གཞུང་གིས་བཙུགས་པའི་སློབ་གྲྭ་ཁག་ནང་དུ་འགྲོ་བཅུག་ཡོད་འདུག་པ་དང་། བོད་ནང་དུ་ཡོད་པའི་རྒྱ་ནག་གཞུང་གིས་བཙུགས་པའི་སློབ་གྲྭའི་ནང་སློབ་ཚན་ཚང་མ་རྒྱ་ཡིག་ནང་སློབ་ཀྱི་ཡོད་པ་དང་། སློབ་གྲྭ་དེ་དག་གི་ནང་བོད་ཡིག་ནི་ཕྱི་རྒྱལ་སྐད་ཡིག་ལྟ་བུ་ལས་བོད་པའི་སློབ་ཕྲུག་ཚོ་ལ་རང་གི་ཕ་སྐད་ལ་ངོ་འཛིན་བྱས་ནས་སློབ་ཁྲིད་བྱེད་འཇུག་གི་མེད་པར་བརྗོད།
དེ་ནི་རྒྱ་ནག་རང་གི་རྩ་ཁྲིམས་དང་རྒྱལ་སྤྱིའི་ཁྲིམས་(Civil and Plitical Rigjts)སྤྱི་དམངས་གཞི་རྩའི་ཐོབ་ཐང་དང་སྲིད་དོན་ཐོབ་ཐང་གི་ཁྲིམས་དང་འགལ་གྱི་ཡོད་པར་བརྗོད་འདུག་ལ། རྒྱལ་སྤྱིའི་ཁྲིམས་དེ་དག་གི་ནང་རང་གི་ཕ་སྐད་སྦྱོང་རྒྱུའི་ཐོབ་ཐང་ཡོད་པར་རྗོད་ཀྱི་ཡོད། ཉེ་ཆར་གནས་ཚུལ་ཐོན་གསལ་ལ་བོད་པའི་སློབ་མ་ཚོར་དམིགས་བསལ་རྒྱ་ནག་གིས་ཆབ་སྲིད་སློབ་སྦྱོང་གཏིང་ཟབ་སྤྲོད་ཀྱི་ཡོད་འདུག་པ་དང་། དེ་བཞིན་དམག་སྦྱོང་ཡང་སྤྲོད་ཀྱི་ཡོད་འདུག ཕྱི་ལོ་༢༠༢༣ ཟླ་བ་༡ ནང་རྒྱལ་སྤྱིའི་རྒྱལ་ཁབ་བཞི་ཡིས་བོད་ནང་རྒྱ་ནག་གཞུང་གིས་རྒྱ་བསྒྱུར་ཤེས་ཡོན་སྲིད་བྱུས་ཐད་སེམས་འཚབ་ཧ་ཅང་ཡོད་པར་བརྗོད་ཡོད་ཀྱང་། རྒྱ་ནག་གཞུང་གི་ངོས་ནས་ལན་འདེབས་གང་ཡང་བྱས་མེད་པར་བརྗོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།