ཕྱི་ལོ་༢༠༢༤ ལོའི་བཙན་བྱོལ་ནང་གི་གནས་ཚུལ་ཆེ་བ་ཁག་ཅིག 

ཀ) ཕྱི་ཟླ་དང་པོའི་ཚེས་༢ ནས་ཚེས་༡༨ བར་གྱི་གོ་ལའི་མཛངས་མའི་འགྲན་བསྡུར་སྐབས་༡༠ པ་དེ་ཀམ་བྷོ་ཊི་ཡ་དང་ཝེ་ཐེ་ནམ་གཉིས་ཀྱི་ནང་འཚོགས་བཞིན་ཡོད་པ་དང་། ཐེངས་འདིའི་འགྲན་བསྡུར་ནང་མཉམ་ཞུགས་བྱེད་མཁན་བོད་པའི་བུ་མོ་བསྟན་འཛིན་དཔལ་སྒྲོན་གྱིས་རྒྱ་ནག་གཞུང་གི་གནོན་ཤུགས་ལ་མགོ་མ་སྒུར་བར་བརྟེན་ཁོང་ཉིད་གོ་ལའི་མཛངས་མའི་འགྲན་བསྡུར་ནང་མུ་མཐུད་ཞུགས་ཐུབ་མེད་པ་རེད།

ཁ) ཕྱི་ཟླ་གཉིས་པའི་ཚེས་༡༤ ་ནས་བཟུང་། རྒྱ་ནག་གཞུང་གིས་ཆུ་མཛོད་གསར་རྒྱག་བྱེད་རྒྱུ་ཡིན་པར་བརྗོད་ནས་ཁམས་སྡེ་དགེ་ཕྱོགས་ཀྱི་ས་གནས་སྡེ་དགོན་མང་པོ་ཡུལ་གཞན་ལ་གནས་སྤོ་དགོས་པའི་བཙན་བཀའ་ཕབ་པ་དང་། སྐབས་དེར་དབོན་སྟོད་དགོན་དང༌། ལྷ་འབྲོང་དགོན་པ། ཡེ་ན་དགོན་པ། དགོན་གསར་དགོན་པ། རབ་བརྟན་དགོན་པ་སོགས་དགོན་ཁག་དྲུག་དང༌། མི་མང་ཕོན་ཆེན་གྱིས་རྒྱ་གཞུང་ལ་ཞུ་འབོད་རིམ་པ་བྱས་ཀྱང་། རྒྱ་གཞུང་གིས་དང་ལེན་བྱ་རྒྱུ་ལས་ལྡོག་སྟེ་བཙན་ཤེད་ཀྱིས་མི་མང་ལ་ཚད་ལས་བརྒལ་བའི་རྡུང་རྡེག་བཏང་བ་མ་ཟད་བོད་མི་༡༠༠༠ ་ལྷག་འཛིན་བཟུང་བྱས་ཡོད་སྟབས། 

ཕྱི་ཟླ་༢ ཚེས་༢༣ ནས་འགོ་བཙུགས་ཏེ་ཉིན་མང་པོར་འཛམ་གླིང་ས་ཕྱོགས་གང་སར་དུ་རྟེན་གཞི་བྱས་པའི་བཙན་བྱོལ་བོད་པའི་གཞུང་དང་གཞུང་ཁོངས་མ་ཡིན་པའི་ཚོགས་པ་ཁག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྣ་ཚོགས་ཤིག་སྤེལ། 

ག ) ཕྱི་ཟླ་གསུམ་པའི་ཚེས་༡༣ ཉིན་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་དོན་མཇུག་སྐྱོང་ཚོགས་འདུ་དང་། མུ་མཐུད་གྲོས་ཚོགས་ཚོགས་དུས་བདུན་པ་འཚོགས་ཤིང་། སྐབས་དེར་གྲོས་ཚོགས་ཚོགས་དུས་དྲུག་པར་རྒྱ་མིའི་སོ་པ་དང་འབྲེལ་བའི་སྤྱི་འཐུས་གཉིས་ཀྱི་རྙོག་གླེང་དེ་ནམ་མཁའ་གཡའ་དག་དང་ས་གཞི་རྡུལ་དག་ཆགས་ཤིང་། ཚོགས་དུས་བདུན་པར་སྲིད་སྐྱོང་དང་བཀའ་བློན་རྣམ་པའི་ལས་འཁུར་དམ་འཇོག་བྱེད་ས་དང་།

དེ་བཞིན་བཀའ་ཤག་གི་འགན་འཁུར་དང་འཕོ་འགྱུར། བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས། སྤྱི་འཐུས་ཀྱི་འོས་ཆོས་བཅས་ཀྱི་བསྐྱར་བཅོས་གཏན་འབེབས་བྱུང་།

ང་།) ཕྱི་ཟླ་བཞི་པའི་ཚེས་༢༥ ཉིན་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགུང་གྲངས་༣༥ ཕེབས་པའི་སྐུའི་འཁྲུངས་སྐར་གྱི་ཉིན་མོ་བོད་མིའི་སྒྲིག་འཛུགས་གཞུང་འབྲེལ་གྱིས་སྲུང་བརྩི་ཞུས་ཡོད་པ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་ཨི་སི་ཏོ་ནི་ཡའི་གྲོས་ཚོགས་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་དང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཡུ་ཀུ་ཁལ་རེཌ་དང་། དམིགས་བསལ་སྐུ་མགྲོན་བྱེས་ཀྱི་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་སྐུ་ཕྲེང་ལྔ་པ་༧ རྗེ་བཙུན་བསྟན་འཛིན་ཐུབ་བསྟན་རབ་རྒྱས། ཚེ་མཆོག་གླིང་སྤྲུལ་སྐུ་བསྟན་འཛིན་དགེ་ལེགས་རིན་པོ་ཆེ། ལ་དྭགས་ནང་པའི་ཚོགས་འདུའི་ཚོགས་གཙོའི་སྐུ་ཚབ་རིག་འཛིན་རྡོ་རྗེ། གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་དང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། དེ་བཞིན་གཞུང་ཞབས་དང་བཞུགས་སྒར་ཁུལ་གྱི་སློབ་གྲྭས་མཚོན་པའི་སེར་སྐྱ་མི་མང་སོགས་མཉམ་ཞུགས་གནང་ཡོད། 

ཅ) ཕྱི་ཟླ་ ལྔ་པའི་ཚེས་ ༡༣ ཉིན་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཀྱིས་འཛིན་རིམ་བཅུ་གཉིས་དང་བཅུ་པའི་རྒྱལ་ཡོངས་ཡིག་རྒྱུགས་ཀྱི་གྲུབ་འབྲས་གསལ་བསྒྲགས་སྤེལ་ཡོད་པ་དང་། སྐབས་དེར་འདི་ལོར་བཙན་བྱོལ་བོད་མིའི་སློབ་གྲྭ་ ༡༣ ནས་ཁྱོན་བསྡོམས་སློབ་ཕྲུག་ ༩༦༢ ཀྱིས་ཕྱི་ལོ ༢༠༢༤ ཟླ་ ༣ ཚེས་ ༡༥ ནས་ཟླ་ ༤ ཚེས་ ༢ བར་འཛིན་རིམ་བཅུ་གཉིས་ཀྱི་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ནང་མཉམ་ཞུགས་བྱས་ཏེ། སློབ་གྲྭ་ ༡༡ གི་རྒྱུགས་འཕྲོད་བརྒྱ་ཆ་ ༡༠༠ ཡིན་པའི་ཐོག་སྤྱི་ཡོངས་ཀྱི་རྒྱུགས་འཕྲོད་བརྒྱ་ཆ་ ༩༩་༦༩ དང་། ཆ་སྙོམས་བརྒྱ་ཆ་ ༧༥་༠༡ ཐོབ།

གཞན་ཡང་ཕྱི་ལོ་ ༢༠༢༤ ཟླ་ ༢ ཚེས་ ༡༥ ནས་ཟླ་ ༣ ཚེས་ ༡༣ བར། རྒྱ་གར་ནང་བོད་མིའི་སློབ་གྲྭ་ ༢༣ ནས་ཁྱོན་བསྡོམས་སློབ་ཕྲུག་ ༡༠༠༧ གྱིས་འཛིན་རིམ་བཅུ་པའི་རྒྱལ་ཡོངས་ཡིག་རྒྱུགས་ནང་མཉམ་ཞུགས་བྱས་ཏེ། སློབ་གྲྭ་ ༡༣ གྱིས་རྒྱུགས་འཕྲོད་བརྒྱ་ཆ་ ༡༠༠ བླངས་པའི་ཐོག་སྤྱི་ཡོངས་ཀྱི་རྒྱུགས་འཕྲོད་བརྒྱ་ཆ་ ༩༧་༡༢ དང་། ཆ་སྙོམས་བརྒྱ་ཆ་ ༦༣་༣༠ ཐོབ། 

ཆ) ཕྱི་ཟླ་ ལྔ་པའི་ཚེས་༥ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཕྱི་ལོ་༢༠༡༩ ནས་བཟུང་ཧྥ་རན་སི་ལ་རྒྱལ་དོན་ཕྱོགས་སྐྱོད་ཐོག་མ་དེ་འབྱོར་ཡོད་པ་དང་། སྐབས་དེར་ས་གནས་སུ་འབྱོར་བ་དང་སྟབས་བསྟུན། ཧྥ་རན་སི་ལ་གནས་སྡོད་བོད་མི་ཚོ་དང་སྦེལ་ཇམ་དང་ཧོ་ལན་ཌི་སོགས་ནས་ཕེབས་པའི་བོད་མི་ཚོས་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་འདུག་པ་མ་ཟད། ཨ་རི་ནས་ཀྱང་བོད་མི་ཁག་ཅིག་གིས་ཞི་ཅིན་ཕིང་ཡུ་རོབ་ཀྱི་རྒྱལ་ཁབ་ཧྥ་རན་སི་ལ་ཕྱིན་པར་ངོ་རྒོལ་གྱི་ལས་འགུལ་སྤེལ།

ཇ) ཕྱི་ཟླ་དྲུག་པའི་ ཚེས་༢༡ ཉིན་༧གོང་ས་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་སྐུ་འཁོར་བཅས་གྷ་གྷལ་གནམ་ཐང་ནས་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། ཚེས་༢༨ ཉིན་མགོན་པོ་གང་ཉིད་ཀྱི་ཞབས་པུས་གཤག་བཅོས་ལེགས་པར་གྲུབ། ཕྱི་ཟླ་༨པའི་ཚེས་༢༢ ཉིན་ནིའུ་ཡོག་ཏུ་ཡོད་པའི་(UBS ARENA) ཞེས་པའི་རྩེད་རྭའི་ནང་དུ། བྱང་ཨ་རིའི་བོད་མི་དང་། སོག་རིགས། ཧི་མ་ལ་ཡའི་རི་རྒྱུད་ཀྱི་བོད་རིགས་སོགས་ཨ་མི་རི་ཀའི་མངའ་སྡེ་ ༣༠ ཙམ་དང་ཁེ་ན་ཌ་བཅས་ནས་ཡོང་བའི་དད་ལྡན་སེར་སྐྱ་མི་མང་ཁྲི་གཉིས་མ་ཟིན་ཙམ་འདུ་འཛོམས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཚོན་དོན་བརྟན་བཞུགས་བསྟར་འབུལ་ཞུས། ཕྱི་ཚེས་༢༨ ་ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་གནང་ཡོད།
ཉ) ལོ་འདིར་ཨ་རིའི་གྲོས་ཚོགས་གོང་འོག་ནས་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་བ་དེར། ཕྱི་ཟླ་བདུན་པའི་ཚེས་ ༡༢ ཉིན་ཨ་རིིའི་སྲིད་འཛིན་ནས་མཚན་རྟགས་བསྐྱོན་ཏེ་ཁྲིམས་སུ་བཅས་པར་བོད་མི་སྤྱི་སྒེར་ཡོངས་ནས་ཨ་རིའི་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུས།

ཏ) རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བདུན་པ་ཕྱི་ཟླ་བདུན་པའི་ཚེས་༡༣ ནས་༡༥ བར་དུས་ཡུན་ཉིན་གསུམ་རིང་ཁེ་ན་ཌ་ཊོ་རོན་ཊོའི་གངས་ལྗོངས་ཆོས་ལྡན་གླིང་དུ་འཚོགས་ཡོད་པ་དང་། སྐབས་དེར་ཚོགས་འདུའི་དབུ་འབྱེད་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་ཁེ་ན་ཌ་དབུས་གྲོས་ཚོགས་འཐུས་མི་སྐུ་ཞབས་བྷ་ར་ཌ་རེ་ཌེ་ཁབ་ཕུ་དང་། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་རྣམ་པ་བདུན། དེ་བཞིན་འཇམ་དབྱངས་ནོར་བུ་དང་དོན་གྲུབ་ལྷ་དར་གཙོས་པའི་རང་བཙན་འཐབ་རྩོད་པ་ཨ་རི་དང་ཡོ་རོབ། རྒྱ་གར་སོགས་ས་གནས་མི་འདྲ་བ་ཁག་མང་པོ་ནས་མི་གྲངས་༢༥༠ ལྷག་མཉམ་ཞུགས་གནང་སྟེ། བོད་རང་བཙན་སླར་གསོའི་གལ་ཆེའི་རང་བཞིན་གྱི་སྐོར་སོགས་བགྲོ་གླེང་གནང་། 

ཐ) ཧྥ་རན་སིའི་རྒྱལ་ས་པེ་རི་སེ་ལ་ཡོད་པའི་འགྲེམས་སྟོན་ཁང་( MUSÉE QUAI BRANLY ) ཞེས་པས་བོད་ཀྱི་དངོས་རྫས་དག་ལ་བོད་ཅེས་པའི་ཚབ་ཏུ་ཤི་ཙང་ (XIZANG AUTONOMOUS REGION) ཟེར་བའི་ཐ་སྙད་དེ་བེད་སྤྱོད་བྱས་པ་དང་། དེ་བཞིན་གྷེ་མད་(MUSÉE GUIMET) འགྲེམས་སྟོན་ཁང་གིས་བོད་ཀྱི་བཟོ་རིག་ལས་ཐོན་པའི་དངོས་རྫས་དག་ལ་བོད་ཅེས་པའི་མིང་ལ་འགྱུར་བ་བཏང་ནས་དེའི་ཚབ་ཏུ་ཧི་མ་ལ་ཡའི་འཇིག་རྟེན་(HIMALAYAN WORLD) ཞེས་མིང་གསར་པ་བཏགས་པར་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་འགྲེམས་སྟོན་ཁང་དེ་གཉིས་ཀྱི་མདུན་དུ་ངོ་རྒོལ་ལས་འགུལ་རིམ་པ་སྤེལ་རྗེས། ཕྱི་ཟླ་ དགུ་པའི་ཚེས་ ༢༥ ཉིན་འགྲེམས་སྟོན་ཁང་ ( MUSÉE QUAI BRANLY ) ནོར་འཁྲུལ་ངོས་ལེན་བྱས་ཡོད་ཀྱང་། གྷེ་མད་(MUSÉE GUIMET) འགྲེམས་སྟོན་ཁང་གིས་ད་དུང་ངོས་ལེན་མ་བྱས་པས་བོད་རང་བཙན་སློབ་ཕྲུག་ཚོགས་པས་གཙོ་བོར་སྣེ་ཁྲིད་པའི་ཚོགས་པ་ཁག་དང་བོད་མི་ཚོས་ངོ་རྒོལ་མུ་མཐུད་སྤེལ་བཞིན་པ།

ད) ཕྱི་ཟླ་ དགུ་པའི་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༨ པའི་ཐོག་མི་ལོ་གསུམ་རིང་འགག་པའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ལ་ཚད་མཐོའི་མང་མོས་ཀྱི་ལམ་ནས་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་གནང་ཐུབ་པ་བྱུང་།

ན) ཕྱི་ཟླ་བཅུ་པའི་ཚེས་༡ ་ཉིན་རྒྱ་གཞུང་གིས་དམར་ཤོག་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ཧྲིལ་པོ་༧༥ འཁོར་བའི་དུས་ཆེན་སྲུང་བརྩི་ཟེར་བ་ཞུ་བཞིན་ཡོད་པ་དང་བསྟུན། ས་ཕྱོགས་གང་སར་ནས་བོད་མི་རྣམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་རྒྱ་ཆེར་སྤེལ།
པ) བོད་མི་སྒེར་པ་ཞིག་གིས་བོད་རང་བཙན་ཁུངས་སྐྱེལ་ཆེད། ལོ་གཅིག་རིང་གི་ལས་འགུལ་དང་གཞན་ཡང་དུས་རྒྱུན་བོད་དོན་ཁྱབ་བསྒྲགས་ཀྱི་ལས་འགུལ་སྤེལ་མཁན་ཐུབ་བསྟན་ཆོས་ཉིད་ལ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐོག ས་གནས་བོད་རིགས་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་ནས་ཆེ་བསྟོད་གཟེངས་རྟགས་ཕུལ།
 ཕ) ཕྱི་ཟླ་བཅུ་གཉིས་ཚེས་༡༧ ཉིན་རྒྱ་གར་རྒྱལ་ས་ལྡི་ལི་རཱོ་ཡལ་གསོལ་མགྲོན་ཁང་དུ་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་ཚོགས་གཞོན་གཙོས་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཁྱོན་༢༥ ལྷག་ཙམ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་གཙོས་པའི་སྤྱི་འཐུས་༢༩ བཅས་ལྷན་འཛོམས་ཀྱིས་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཞིག་ཚོགས་ཏེ། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་དོན་དང་འབྲེལ་བའི་གྲོས་ཆོད་དོན་ཚན་བཅུ་གཉིས་ཅན་ཞིག་གཏན་འབེབས་གནང་།

བ) དགུང་ལོ་༦༣ སོན་པའི་བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ནས་རྐང་འཁོར་སྐོར་བསྐྱོད་ཀྱིས་བོད་དོན་དྲིལ་བསྒྲགས་ལས་འགུལ་ཐེངས་ལྔ་ཙམ་སྤེལ་བ་ལས་ལོ་འདིར་རྒྱ་གར་ལྷོ་བྱང་གཉིས་སུ་ལས་འགུལ་ཐེངས་གསུམ་སྤེལ་བ་མ་ཟད། ལུས་ལ་ན་ཚ་མ་བྱུང་ན་མ་འོངས་པར་མུ་མཐུད་སྤེལ་རྒྱུ་གསུངས།
མ)ཨ་རིའི་རྒྱལ་ཡོངས་མང་གཙོ་གོང་འཕེལ་ལྟེ་གནས་ཁང་གིས་ལོ་ལྟར་མང་གཙོ་དང་རང་དབང་གོང་འཕེལ་ཐད་ཕྱག་ལས་གནང་མཁན་ཚོགས་སྒེར་རྣམས་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་འབུལ་སྲོལ་ཡོད་པ་བཞིན། ལོ་འདིའི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་དང་། ཨ་རིའི་ནང་རྟེན་གཞི་བྱས་པའི་བོད་དོན་ལས་འགུལ་ལྟེ་གནས་ཁང་གི་སྐུ་ཚབ་བཀྲས་མཐོང་ལྷ་སྒྲོན། དེ་བཞིན་འབུམ་རམས་པ་རྒྱལ་ལོ་བཅས་ལ་མང་གཙོའི་ཆེ་བསྟོད་གཟེངས་རྟགས་ཕུལ།