ཕྱི་ལོ་༢༠༢༤ ལོའི་བོད་ནང་གི་གནས་ཚུལ་ཆེ་བ་ཁག་ཅིག
༡ ན་ནིང་ཕྱི་ཟླ་༡༢ ཚེས་༢༦ ཉིན་སྙེ་མོ་རྫོང་དང་ས་གནས་ཉེན་རྟོག་པས་སྙེ་མོ་རྫོང་རི་ཚོ་གྲོང་ཚོའི་བུ་མོ་ཚེ་སྒྲོན་ཞེས་པ་ཞིག་བཙན་ཁྲིད་བྱས་རྗེས། ཉིན་གྲངས་མང་པོར་གོ་ཐོས་མེད་པ་གྱུར་ཡོད་ཀྱང་། ད་ལོ་ཕྱི་ཟླ་༡ ཚེས་༡༥ ཉིན་བུ་མོའི་ཁྱིམ་མི་ཚོར་ཚེ་སྒྲོན་སྙེ་མོ་རྫོང་མི་མང་སྨན་ཁང་དུ་འདས་གྲོངས་སུ་གྱུར་ཡོད་ཚུལ་གྱི་གནས་ཚུལ་ནང་མིར་འབྱོར་ཡོད་འདུག བུ་མོ་ཚེ་སྒྲོན་ནི་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་ལོ་རིམ་གཉིས་པའི་སློབ་མ་ཞིག་དང་། ནམ་རྒྱུན་སློབ་སྦྱོང་ཡག་པོ་ཡོད་ཐོག་དབྱར་དགུན་གྱི་སློབ་གྲྭའི་གུང་སེང་སྐབས་སུ་སློབ་ཕྲུག་གཞན་ལ་སློབ་སྦྱོང་དང་ཀློག་དེབ་ཐད་རོགས་རམ་མང་པོ་གནང་མཁན་ཞིག་ཡིན་འདུག
![](https://bangchen.net/wp-content/uploads/2024/12/54CDD161-E270-4299-A960-65AFC39235F2-1024x576.jpg)
༢ རྒྱ་གཞུང་གིས་བཅད་བགོས་བྱས་པ་དཀར་མཛེས་ཁུལ་གྱི་ཁོངས་གཏོགས་སྡེ་དགེ་རྫོང་དང་། བོད་རང་སྐྱོང་ལྗོངས་ཆ་མདོ་ཁུལ་འཇོ་མདའ་རྫོང་གཉིས་ཀྱི་ཁོངས་སུ་གཏོགས་པའི་འབྲི་ཆུའི་རྒྱུད་ན་གནས་པའི་དགོན་སྡེ་དང་དུད་ཚང་བརྒྱ་ཕྲག་བརྒལ་བའི་མོས་མཐུན་མེད་བཞིན་དུ་ཆུ་གློག་དང་ཆུ་བཀག་གི་བྱ་འགུལ་སྤེལ་བཞིན་པར་བརྟེན། ཕྱི་ཟླ་༢ ཚེས་༡༤ ཉིན་སྡེ་དགེ་ཡུལ་མི་ཚོ་སྡེ་དགེ་རྫོང་སྲིད་གཞུང་གི་སྒོ་འགྲམ་དུ་འཛོམས་ནས་ས་གནས་གཞན་དུ་གནས་སྤོ་བྱེད་མི་དགོས་པའི་ཞུ་གཏུག་གི་ལས་འགུལ་ཞིག་སྤེལ་འདུག
དེ་བཞིན་ཕྱི་ཟླ་༡༠ པའི་ནང་། རྒྱ་ནག་གཞུང་གིས་ས་རུད་ཀྱི་ཉེན་ཁ་ཡོད་ཚུལ་བཤད་ནས་ཨ་མྱེས་ར་སྟོད་གནས་རིའི་འདབས་སུ་ཆགས་པའི་ཡར་ཀ་སྡེ་བ་དང་བིས་ཚང་སྡེ་བ་གཉིས་ཀྱི་ཁྱིམ་ཚང་ཕྱེད་ཀ་ལྷག་གནས་སྤོ་དགོས་པའི་བཙན་བཀའ་བཏང་ཡོད་འདུག ཡ་ཀ་སྡེ་བ་ནི་ཀ་རིང་ཡུལ་ཚོར་ས་མ་འབྲོག་གི་སྡེ་བ་ཆེ་ཆུང་༢༢ ཡས་མས་ཤིག་ཡོད་པའི་ནང་གི་གཅིག་དང་། སྡེ་བ་དེར་ཁྱིམ་ཚང ༢༠༠ ཙམ་ཡོད་ཅིང་། དེ་བཞིན་བིས་ཚང་སྡེ་བར་ཁྱིམ་ཚང་བརྒྱ་ལྷག་ཡོད་འདུག དེའི་ཁོངས་བརྒྱ་ཆ་དགུ་བཅུ་ཞིང་པ་ཡིན་འདུག
༣ ཕྱི་ཟླ་༡ ཚེས་༡༥ ཉིན་བོད་མདོ་སྨད་རྔ་བ་ཁྱུང་མཆུ་རྫོང་གི་སྒྱུ་རྩལ་བ་མང་པོ་ཞིག་གིས་མཉམ་སྒྲུབ་བྱས་པའི་ལོ་གསར་དགོང་ཚོགས་སྟེང་ལ་ཁྱུང་མཆུ་རྫོང་རྨེ་བ་ཡུལ་ཚོ་ནས་ཡིན་པའི་གཞས་པ་བགེགས་འཇོམས་ལགས་ཀྱིས་“སྐྱོ་གླུ་མཆི་མ་དགུ་འཁྱིལ”ཞེས་པའི་གླུ་གཞས་ཤིག་བཏང་པས། ཕྱི་ཟླ་༢ ཚེས་༡༢ དང་ལོ་གསར་ཚེས་༣ ཉིན་ཁྱུང་མཆུ་རྫོང་གི་ཉེན་རྟོག་པས་གཞས་པ་བགེགས་འཇོམས་ལགས་ལ་ཁ་པར་བཏང་ནས་རྫོང་ཉེན་རྟོག་ཁང་དུ་ཡོང་དགོས་པར་བཤད་ཡོད་འདུག ཉིན་དེའི་དགོང་མོ་ནས་བཟུང་ཁོང་གར་སོང་ཆ་མེད་དུ་གྱུར་ཞིང་། ཁོང་གི་ནང་མི་རྣམས་རྫོང་ཉེན་རྟོག་ཁང་ལ་སོང་སྟེ་ཁོང་ག་བར་ཡོད་མེད་སྐད་ཆ་དྲིས་ཡོད་འདུག་ཀྱང་། ཉེན་རྟོག་ཁང་གིས་ཁོང་ག་བར་ཡོད་མེད་སོགས་ཀྱི་གནས་སྟངས་གང་ཡང་མ་བཤད་པར། ཁོང་གི་གཞས་ཚིག་དང་བསམ་བློ་ལ་གནད་དོན་ཡོད་པས་འདྲི་གཅོད་བྱེད་བཞིན་པར་བརྗོད་འདུག་པ་མ་ཟད། ནང་མི་ཚོས་གནས་ཚུལ་ཕྱིར་བསྒྲགས་དང་སྐད་ཆ་གང་བྱུང་མ་བཤད་ན་ཡག་པའི་ཉེན་བརྡ་བཏང་ཡོད་འདུག
༤ ཕྱི་ཟླ་༣ ཚེས་༢༦ ཉིན། བོད་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་པདྨ་ཞུ་བ་ཞིག་དགོན་པའི་ཉེ་འདབས་ཀྱི་དཔའ་བོའི་སྲང་ལམ་ཞེས་པ་ནས། ༸གོང་ས་མཆོག་གི་སྐུ་པར་ཞིག་ཕྱག་ཏུ་བཟུང་ནས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་གནང་སྐབས། རྒྱ་གཞུང་གི་ཉེན་རྟོག་པས་ཁོང་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག ཁོང་གིས་ངོ་རྒོལ་སྐད་འབོད་གནང་རྗེས་རྒྱ་གཞུང་གིས་རྔ་བ་དགོན་གྲོང་གཉིས་ལ་དམག་མི་འགྲེམ་འཇོག་གིས་དམ་དྲག་ཆེན་པོ་བྱས་ཡོད་སྐད་འདུག་པས། ངོ་རྒོལ་སྐབས་ཀྱི་འབོད་ཚིག་དང་། ནང་མིའི་གནས་སྟངས། ཁོང་གང་དུ་བཙན་ཁྲིད་བྱས་པ་སོགས་ཀྱི་ཐད་ཤེས་རྟོགས་ཡོང་གི་མེད་པ་ཡིན་འདུག
༥ ཕྱི་ཟླ་༣ པའི་ཟླ་དཀྱིལ་ཙམ་ལ་བོད་མདོ་སྨད་རྔ་བ་རྫོང་རྨེའུ་རུ་མའི་སློབ་ཆུང་བོད་ཡིག་དགེ་རྒན་དོན་ཡོད་ལགས་ལས་གནས་ནས་གནས་དབྱུང་བཏང་འདུག ཁོང་གིས་འདས་པའི་ལོ་༡༥ རིང་བོད་ཡིག་སློབ་མྱོང་ཡོད་འདུག དུས་རྒྱུན་དུ་སློབ་མ་དང་ཕ་མ་ཚོས་དགེ་རྒན་ཁོང་ལ་དགའ་གུས་ཆེན་པོ་བྱེད་ཀྱི་ཡོད་འདུག ལོ་ངོ་༡༥ རིང་བོད་ཡིག་སློབ་མྱོང་མཁན་གྱི་དགེ་རྒན་དོན་ཡོད་ལགས་ནི་རྨེའུ་རུ་མའི་རུ་ཆེན་བཞི་པ་ནས་ཡིན་འདུག་ལ། ཁོང་གིས་དུས་རྒྱུན་བོད་སྐད་ཡིག་དང་བོད་ཀྱི་ལོ་རྒྱུས་སོགས་སློབ་འཁྲིད་གནང་གི་ཡོད་པར་བརྟེན། ས་གནས་སྲིད་གཞུང་གི་མགོ་འཁྲིད་ཚོས་ཁོང་ཡང་ནས་ཡང་དུ་སྐད་བཏང་སྟེ་རྒྱལ་ཁབ་ཀྱི་གཏན་འབེབས་སློག་གསོ་ལྟར་སློབ་མ་ཚོར་སློབ་གསོ་རྒྱག་དགོས་པའི་ཉེས་བརྡ་བཏང་མཐར་ལས་གནས་ནས་གནས་དབྱུང་དུ་བཏང་ཡོད་འདུག
༦ ཕྱི་ཟླ་༧ ཚེས་༡༢ ཉིན་བོད་ཀྱི་སློབ་གླིང་ཆེན་མོ་རྭ་རྒྱ་ཤེས་རིག་ནོར་གླིང་རྒྱ་གཞུང་ནས་སློབ་གྲྭ་སྒོ་རྒྱག་དགོས་པའི་བཙན་བཀའ་འབྱོར་ཡོད་པར་བརྟེན། ཕྱི་ཚེས་༡༣ ཉིན་དགེ་སློབ་ཚང་མས་སློབ་གྲྭ་དང་གྱེས་དགོས་བྱུང་ཞིང་། དེ་སྔོན་ནས་རྒྱ་གཞུང་གིས་སྐྱོན་འཛུགས་འདྲ་མིན་གྱིས་སློབ་གྲྭ་འདི་སྒོ་རྒྱག་དགོས་པའི་གནོན་ཤུགས་སྤྲད་ཡོད་འདུག རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནི་ཕྱི་ལོ་༡༩༩༤ ལོར་རྭ་རྒྱ་འཇིགས་མེད་རྒྱལ་མཚན་ཀྱིས་རྫོང་སྲིད་གཞུང་སོགས་ལ་ཆོག་མཆན་རིམ་པ་བརྒྱུད་དེ་གསར་འཛུགས་གནང་ཡོད་པ་དང་། སློབ་གླིང་དེའི་ནང་མཚོ་སྔོན་དང་སི་ཁྲོན། ཀན་སུའུ། བོད་ལྗོངས་ཟེར་བ། ནང་སོག་དང་ཤར་ཏུར་ཀི་སི་ཐན་སོགས་བོད་རྒྱ་སོག་གསུམ་གྱི་མི་རིགས་ཡོད་འདུག
༧ ལོ་འདིའི་གསུམ་བཅུའི་དུས་དྲན་དང་བསྟུན། དགེ་འདུན་པ་བྱམས་པ་ཆོས་འཕེལ་གྱིས་སྐད་འཕྲིན་ཚོགས་པ་ཞིག་ནང་༧གོང་ས་མཆོག་གི་བཀའ་སློབ་ཚན་པ་ཞིག་བརྒྱུད་འགོད་བྱས་པར་བརྟེན། རྒྱ་གཞུང་གིས་དེ་ཁྲིམས་འགལ་ཡིན་པར་བསྙད་བཏགས་ནས་ཟླ༣་པའི་ཟླ་དཀྱིལ་ཙམ་ལ་རེབ་གོང་སྨད་པའི་སྤེན་དཀར་ཐང་དགོན་པའི་རང་ཤག་ནས་ཁོང་ཉིད་འཛིན་བཟུང་བཙན་ཁྲིད་བྱས་ནས་རེབ་གོང་སྨད་པའི་གུ་ར་ཐང་ན་ཡོད་པའི་བཙོན་ཁང་དུ་ཟླ་བ་དྲུག་མ་ཟིན་ཙམ་བཀག་ཉར་བྱས་རྗེས། ཕྱི་ཟླ་༨ པའི་ནང་། རྒྱ་གཞུང་གིས་ཁོང་ལ་ལོ་གཅིག་དང་ཟླ་བ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
༨ ཕྱི་ཟླ་༩ ་ཚེས་༢༨ ་ཉིན་གྱི་དགོང་མོ་ཆབ་སྲིད་བཙོན་ཟུར་ཐུབ་བསྟན་ཡེ་ཤེས་བོད་ཀྱི་རྒྱལ་ས་ལྷ་སར་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག ཁོང་ནི་ཕྱི་ལོ་༡༩༥༠ ་ལོར་མལ་དྲོ་གུང་དཀར་རྫོང་ཁོངས་རྒྱ་མ་མདའ་ཤར་ལ་འཁྲུངས་ཤིང་། ཕྱི་ལོ་༡༩༩༢ ཟླ་༦ ་ཚེས་༡༢ ་ཉིན་མལ་དྲོ་རྒྱ་མར་ལས་དོན་ཚོགས་ཆུང་ཟེར་བས་རྒྱ་མ་གྲོང་བརྡལ་ནང་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་ཕྱོགས་བསྡོམས་དང་ལས་བྱེད་འདེམས་བསྐོའི་ཚོགས་ཆེན་ཟེར་བ་འགོ་བཙུགས་པ་དང་བསྟུན། ཁོང་དང་རོགས་པ་བཞིས་ཚོགས་ཆེན་དུ་བསྐྱོད་དེ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་ནས་བོད་རང་བཙན་གཙང་མའི་རྒྱལ་ཁབ་ཡིན། རྒྱ་དམར་བོད་ནས་ཕྱིར་ཐོན་དགོས། ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་སོགས་ཀྱི་འབོད་སྒྲ་བསྒྲགས་པར་བརྟེན། རྒྱ་གཞུང་གིས་ཁོང་རྣམས་འཛིན་བཟུང་བྱས། ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་མི་ལོ་༡༥ ་བཙོན་འཇུག་ཁྲིམས་ཐག་བཅད་ནས་ཕྱི་ལོ་༢༠༠༧ ཟླ་༦ ་པའི་བར་གྲྭ་བཞི་བཙོན་ཁང་དུ་བཅུག་ཡོད་འདུག
༩ ན་ནིང་ཕྱི་ཟླ་༡༢ ནས་རྒྱ་གཞུང་གིས་ཚེ་བཙོན་ཁྲིམས་ཐག་བཅད་པའི་རྡོ་རྗེ་བཀྲ་ཤིས་ཀྱི་སྲིང་མོ་མགོན་པོ་སྐྱིད་ཀྱིས་ལྷ་སའི་ཁྲིམས་ཁང་དུ་ཞུ་གཏུག་རིམ་པ་བྱེད་སྐབས། སྤྱི་བདེ་ལས་ཁུངས་ཀྱིས་ཁོང་འཛིན་བཟུང་བཀག་ཉར་དང་རྡུང་རྡེག་ལན་མང་བཏང་བ་སོགས་བྱས་ཡོད་པ་རེད་ལ། ཕྱི་ཟླ་༩ ཚེས་༢༤ ཉིན་ཁྲིམས་ཁང་གིས་མགོན་པོ་སྐྱིད་ཀྱི་ཞུ་གཏུག་དོན་ཚན་ལྔ་ལ་ངོས་ལེན་མ་བྱས་པ་མ་ཟད། ཉེན་རྟོག་པས་མོར་གང་བྱུང་གཅར་རྡུང་བཏང་སྟེ་བཙོན་འཇུག་དང་འཇིགས་སྐུལ་སོགས་བྱས་ཡོད་པ་རེད།
༡༠ བཀྲིས་དབང་ཕྱུག་དང་ཁོར་ཡུག་སྲུང་སྐྱོབ་པ་ཀརྨ་བསམ་གྲུབ། རྩོམ་པ་པོ་ཅན་རོང་དགེ་འདུན་ལྷུན་གྲུབ། དགེ་བཤེས་རྭ་ཆུང་དགེ་འདུན་བཅས་གློད་བཀྲོལ་བཏང་ཡོད་འདུག
བཀྲིས་དབང་ཕྱུག་གིས་འཁྱུག་དབྱིངས་(Douyin) དང་མགྱོགས་འཕྲིན་(Kuaishou) ཐོག་དཀྲོག་གཏམ་སྤེལ་པ་དང་རྒྱལ་ཁབ་ཀྱི་སྲིད་བྱུས་ལ་ངོས་ལེན་མེད་པ། དྲྭ་རྒྱའི་ཁོར་ཡུག་དང་སྤྱི་ཚོགས་སུ་ཟིང་ཆ་སློང་བ། དེ་བཞིན་ཤུགས་རྐྱེན་ངན་པ་རྒྱ་ཁྱབ་གཏོང་བའི་བྱ་སྤྱོད་སྤེལ་བར་བསྙད་དེ། ཟླ་༡༠ ཚེས་༢༠ ཉིན་རྒྱ་གཞུང་གིས་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་བོད་ཀྱི་སྐད་ཡིག་ཐོབ་ཐང་རྩོད་མཁན་བཀྲིས་དབང་ཕྱུག་ཁྱིམ་ལ་སླར་ཡང་འཛིན་བཟུང་བྱས་ནས་སྐྱེ་རྒུ་མདོ་གྲོང་ཁྱེར་སྲིད་འཛིན་བཀག་ཉར་ཁང་ཞེས་པའི་ནང་ཉིན་གྲངས་༡༥ རིང་བཀག་ཉར་བྱས་རྗེས། ཕྱི་ཟླ་༡༡ ཚེས་༤ ཉིན་གློད་བཀྲོལ་བཏང་ཡོད་འདུག
དེ་བཞིན། ཟླ་བ་༡༡ ཚེས་༡༨ ཉིན་རང་ལོ་༥༦ སོན་པའི་ཁོར་ཡུག་སྲུང་སྐྱོབ་པ་ཀརྨ་བསམ་གྲུབ་གློད་བཀྲོལ་བཏང་ཡོད་འདུག ཕྱི་ལོ་༡༩༩༨ ་ལོར་རྒྱ་ནག་གཞུང་གིས་ཁོང་གིས་རྒྱལ་ཁབ་ཀྱི་ཁྲིམས་འགལ་ཐོག་ནས་ཨ་སྒོར་ཁྲི་གཅིག་རེ་བའི་རུམ་གདན་དང་། འཚེམ་དྲུབས་བརྒྱབ་པའི་སྔས་མགོ། དེ་བཞིན་ཕར་ཆིན་བརྒྱབ་པའི་ལྷམ་སོགས་ཇག་པའི་ལག་ནས་ཉོས་ཡོད་ཚུལ་དང་། བང་སོ་རྐུ་འཁྱེར་བགྱིས་ཚུལ། དེ་བཞིན་འཕྲོག་བཅོམ་བགྱིས་པའི་བྱིན་རྟེན་སོགས་དང་འབྲེལ་བ་ཆགས་ཚུལ་སོགས་བཤད་དེ། མཐར་ཕྱི་ལོ་༢༠༡༠ ཟླ་༦ ཚེས་༢༤ ཉིན་ཡུ་གུར་རང་སྐྱོང་ལྗོངས་ཡན་ཆི་རྫོང་གི་ཁྲིམས་ཁང་ནས་མི་ལོ་༡༥ རིང་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད།
གཞན་ཡང་།ཟླ་༡༡ ཚེས་༩ ཉིན་བོད་ནང་གི་རྩོམ་པ་པོ་གྲགས་ཅན་རོང་བོ་དགེ་འདུན་ལྷུན་གྲུབ་གློད་བཀྲོལ་ཐོབ་ཡོད་འདུག ཁོང་ནི་ཕྱི་ལོ་༡༩༧༤ ལོར་རེབ་གོང་མདོ་བ་འབྲོག་ཏུ་སྐྱེས། དྲ་མིང་དང་སྨྱུག་མིང་ལ་གཟའ་དང་དགེ་སྨྱོན། ལྷམ་ཀོག་སོགས་བཀོད་ནས་གསར་རྩོམ་གྱི་ལས་ལ་ཞུགས་ཏེ་ལོ་ངོ་བཅུ་ལྷག་ཕྱིན་ཡོད་འདུག་ལ། བརྩམས་ཆོས་ལ་ཕྲེང་བ་ནག་པོ་དང་མི་ཚེའི་དབྱངས་རྟ། གླེགས་བམ་དཀར་པོ་དང་འཁོར་བ་སོགས་ཡོད་འདུག ཕྱི་ལོ་༢༠༢༠ ལོར་རོང་བོ་དགོན་ནས་འཛིན་བཟུང་གིས་ལོ་གཉིས་ཙམ་དོ་དམ་བཀག་ཉར་བྱས་ནས། ཕྱི་ལོ་༢༠༢༡ ལོར་རྒྱལ་ཁབ་ཁ་བྲལ་གྱི་ཉེས་འཛུགས་འོག་ལོ་ངོ་བཞིའི་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
དེ་བཞིན་ཕྱི་ཟླ་༡༡ ཚེས་༡༦ ཉིན་དགེ་བཤེས་རྭ་ཆུང་དགེ་འདུན་བཙོན་འཇུག་གི་དུས་ཡུན་ཚང་སྟེ་གློད་བཀྲོལ་ཐོག་ཡོད་འདུགརྔ་བ་རྫོང་རྨེའུ་རུ་མའི་རུ་ཆེན་གསུམ་པ་ནས་ཡིན་པའི་དགེ་བཤེས་རྭ་ཆུང་དགེ་འདུན་ལགས་རྒྱ་གཞུང་གིས་ཁོང་གི་སྤུན་མཆེད་བརྒྱུད་ནས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་བཅས་ལ་སྐྱབས་བསྔོ་ཞུ་རྟེན་ཕྱི་རྒྱལ་དུ་སྒོར་མོ་བསྐུར་བའི་ཉེས་མིང་འོག་ལོ་གསུམ་དང་ཟླ་དྲུག་རིང་བཙོན་འཇུག་བྱས་རྗེས་གློད་གྲོལ་ཐོབ་འདུག
༡༡ ཕྱི་ཟླ་༡༠ ཚེས་༡ ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་སྟོན་དུས་ཆེན་དང་བསྟུན། རྒྱ་གཞུང་གིས་མཛོད་དགེ་རྫོང་སྟག་ཚང་ལྷ་མོ་ཀིརྟི་དགོས་པའི་ནང་བསྟན་སྔོན་འགྲོའི་སློབ་གྲྭ་བཙན་གྱིས་སྒོ་བརྒྱབ་ནས། ལོ་ན་༡༥ ནས་༡༨ བར་གྱི་སློབ་ཕྲུག་གྲངས་༢༠༠ ཙམ་ཡོད་པ་རྣམས། གཞུང་གཉེར་སློབ་གྲྭ་ཁག་ཏུ་གཏོང་བཅུག་ཡོད་འདུག
༡༢ མགོ་ལོག་ཁུལ་དུ་མཁན་པོ་བསྟན་པ་དར་རྒྱས་ལགས་ཀྱིས་སྣེ་ཁྲིད་པའི་བོད་ཀྱི་སྐད་ཡིག་ཚོགས་པ་ནས་ཕ་སྐད་གཙང་མའི་ལས་འགུལ་སྤེལ་བའི་ཉེས་མིང་འོག་རྒྱ་ནག་གཞུང་གིས་མཁན་པོ་བསྟན་པ་དར་རྒྱས་ལགས་དང་། སྡེ་དཔོན་མགོན་པོ་རྣམ་རྒྱལ་ལགས་ཀྱིས་གཙོས་མི་གྲངས་ ༢༠ ལྷག་འཛིན་བཟུང་བཙན་ཁྲིད་ཀྱིས་ཟླ་བ་ ༧ ལྷག་གི་རིང་བཀག་བསྐྱིལ་བྱས་འདུག བཀག་བསྐྱིལ་གྱི་དུས་ཡུན་རིང་རྒྱ་གཞུང་གིས་མི་སྤྱོད་ལས་འདས་པའི་མནར་གཅོད་དང་། རྡུང་རྡེག་ཚད་མེད་བཏང་བའི་རྐྱེན་གྱིས་ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ཚེས་ ༡༨ ཉིན་དཔོན་སྐོར་སྡེ་བའི་སྡེ་དཔོན་མགོན་པོ་རྣམ་རྒྱལ་འདས་གྲོངས་སུ་གྱུར་འདུག།