ཕྱི་ལོ་༢༠༢༤ ལོའི་རྒྱལ་སྤྱི་དང་བོད་དང་འབྲེལ་བའི་རྒྱལ་སྤྱིའི་གནས་ཚུལ་ཆེ་ཁག་བཅུ།

Screenshot

དང་པོ། ཕྱི་ལོ་༢༠༢༤ ལོར་ཨ་རིའི་སྲིད་འཛིན་འོས་བསྡུ་བྱས་ཡོད་པ་དང་། འདི་ལོའི་འོས་བསྡུའི་ཁྲོད་སྤྱི་མཐུན་ཚོགས་པའི་འོས་མི་སྲིད་འཛིན་ཟུར་པ་ཊོམ་ལ་རྒྱལ་ཁ་ཐོབ་ནས་ཨ་རིའི་སྲིད་འཛིན་༤༧ པ་དེ་ཆགས།ཕྱི་ཟླ་བ་༡༡ ཚེས་༥ ཉིན་ཨ་རིའི་རྒྱལ་ཡོངས་ནང་སྲིད་འཛིན་འོས་བསྡུ་བྱས་ཡོད་པ་དང་། ཐེངས་འདིའི་འོས་བསྡུའི་ཁྲོད་ཨ་རིའི་ནང་འོས་འཕེན་པའི་སྐུ་ཚབ་(ELECTORAL COLLEGE) ཞེས་ཁྱོན་བསྡོམས་༥༣༨ ཡོད་པ་དང་། སྲིད་འཛིན་གྱི་རྒྱལ་ཁ་ཐོབ་པར་འོས་འཕེན་པའི་སྐུ་ཚབ་གྲངས་༢༧༠ འཐོབ་དགོས་ཀྱི་ཡོད་པ་བཞིན། ཐེངས་འདིའི་འོས་བསྡུའི་ནང་སྲིད་འཛིན་འོས་མི་ཀ་མ་ལ་ཧེ་རི་སི་ལ་འོས་འཕེན་སྐུ་ཚབ་༢༢༦ མ་གཏོགས་ཐོབ་མེད་པ་དང་། སྲིད་འཛིན་འོས་མི་ཊོམ་ལ་འོས་འཕེན་པའི་སྐུ་ཚབ་༣༡༢ ཐོབ་ནས་ཨ་རིའི་སྲིད་འཛིན་༤༧ པའི་རྒྱལ་ཁ་ཐོབ། ཊོམ་ནི་ཨ་རིའི་ལོ་རྒྱུས་ཁྲོད་འོས་བསྡུའི་ནང་ཕམ་ཉེས་བྱུང་རྗེས། སླར་ཡང་སྲིད་འཛིན་གྱི་རྒྱལ་ཁ་འཐོབ་མཁན་གྱི་མི་སྣ་གཉིས་པ་དེར་གྱུར་ཡོད་འདུག

གཉིས་པ། ཕྱི་ཟླ་དང་པོའི་ཚེས་༡༣ ཉིན་ཐའེ་ཝན་ནང་སྲིད་འཛིན་གྱི་འོས་བསྡུ་བྱས་ཡོད་པ་དང་། ཐའེ་ཝན་གྱི་སྲིད་འཛིན་འོས་བསྡུ་ནི་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག་ཁྲོད་གནད་འགག་ཆེན་པོ་ཆགས་ཡོད་ཅིང་། དམིགས་བསལ་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཐད་ཐའེ་ཝན་གྱི་འོས་བསྡུའི་ཁྲོད་སྲིད་འཛིན་སུ་ལ་འོས་བསྡུའི་རྒྱལ་ཁ་ཐོབ་མིན་ནི་གནད་དོན་ཆེན་པོ་ཆགས་ཡོད། ཚེས་༡༣ ཉིན་ཐའེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་མི་ལེ་ཆིན་ཏི(Lai Ching-te)ལ་སྲིད་འཛིན་གྱི་འོས་བསྡུའི་རྒྱལ་ཁ་ཐོབ་སྟེ། གོ་མན་ཏང་སྲིད་དོན་ཚོགས་པའི་ཚོགས་མི་དང་ཐའེ་པེ་གྲོང་ཁྱེར་གྱི་སྤྱི་ཁྱབ་ཧུག་ཡུག་ཡེ་(Hou Yu ih)ལས་ཕམ་ཉེས་བྱུང་ཡོད། 

གསུམ་པ། རྒྱ་གར་ནི་ས་ཡི་གོ་ལ་ཧྲིལ་པོ་འདིའི་སྟེང་ནས་མང་གཙོ་ལག་བསྟར་བྱེད་བཞིན་པའི་རྒྱལ་ཁབ་ཆེ་ཤོས་དེ་ཡིན་ལ། ཕྱི་ལོ་༢༠༡༤ ལོའི་རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ནང་མཉམ་ཞུགས་བྱེད་མཁན་མི་གྲངས་དུང་ཕྱུར་ལྔ་དང་བྱེ་བ་བཞི་(540 MILLION)བྱུང་ཡོད་པ་དང་། འོས་འཕེན་པའི་ཆ་རྐྱེན་ཚང་བའི་མི་འབོར་གྱི་ངོས་ནས་བཤད་ན་ལོ་འདིར་བརྒྱ་ཆ་༦༦% གིས་འོས་འཕངས་པ་ནི་རྒྱ་གར་གྱི་ལོ་རྒྱུས་ཐོག་ནས་བརྒྱ་ཆ་མཐོ་ཤོས་ཀྱི་ཟིན་ཐོར་སླེབས་ཡོད་པ་རེད། འདས་པའི་ལོ་རྒྱུས་ནང་ཕྱི་ལོ་༡༩༨༤ ལོའི་འོས་བསྡུ་ཆེན་མོའི་ནང་བརྒྱ་ཆ་༦༤% ཙམ་གྱིས་འོས་འཕངས་པ་དེ་ཚད་མཐོ་ཤོས་ཆགས་ཡོད་ཀྱང། ལོ་འདིར་སྔོན་མའི་བརྒྱ་ཆ་མཐོ་ཤོས་ཀྱི་ཟིན་ཐོ་དེ་གཏོར་ཐུབ་པ་བྱུང་ཡོད་འདུག ཐེངས་འདིའི་འོས་བསྡུའི་ནང་སྦི་ཇེ་པི་སྲིད་དོན་ཚོགས་པ་དང་དེའི་མཉམ་འབྲེལ་སྲིད་དོན་ཚོགས་པ་རྒྱལ་ཡོངས་དམངས་གཙོ་མཉམ་འབྲེལ་ཚོགས་པ་ལ་འོས་ཤོག་གྲངས་ཀ་མང་ཤོས་རག་ཡོད་པར་བརྟེན། སྲིད་བློན་མོ་དྷིའི་སྲིད་བློན་གྱི་དུས་ཡུན་གསུམ་པ་བྱེད་རྒྱུའི་གོ་སྐབས་ཐོབ།

བཞི་པ། ཕྱི་ཟླ་༡༢ ཚེས་༢ ཉིན་གྱི་མཚན་མོར་ལྷོ་ཀོ་རི་ཡའི་ནང་གློ་བུར་དུ་ལྷོ་ཀོ་རི་ཡའི་སྲིད་འཛིན་(YOON SUK YEOL)ཡིས་དྲག་པོའི་ཁྲིམས་གཞི་ལག་བསྟར་བྱེད་རྒྱུའི་གསལ་བསྒྲགས་བྱས་ནས་མི་མང་རྣམས་ཧོན་འཐོར་དུ་བཅུག་པར་བརྟེན། ཕྱི་ཚེས་༡༤ གཟའ་སྤེན་པའི་ཉིན་ལྷོ་ཀོ་རི་ཡའི་གྲོས་ཚོགས་ཀྱིས་འོས་བསྡུའི་ལམ་ནས་སྲིད་འཛིན་ཕྱིར་འབུད་བཏང་ཡོད་འདུག་པ་དང་། དེའི་རྗེས་སུ་བར་བརྒལ་གྱི་སྲིད་བློན་ཡང་ཕྱིར་འཕུད་བཏང་ཡོད་འདུག

ལྔ་པ། ཕྱི་ཟླ་༡༢ ཚེས་༨ ཉིན་གྱི་ཞོགས་པར། སི་རི་ཡའི་གྱེན་ལོག་ཤོག་ཁག་གིས་སི་རི་ཡའི་རྒྱལ་སའི་ནང་ཐོག་མར་འཛུལ་ཏེ། ཁྱིམ་ཚང་ཞིག་གིས་ལོ་ངོ་ལྔ་བཅུ་ཙམ་གྱི་རིང་དབང་བསྒྱུར་བྱས་པའི་སི་རི་ཡའི་སྲིད་གཞུང་མགོ་རྟིང་བསླགས་ཡོད་པ་རེད།  ཨུ་རུ་སུ་ལ་བྲོས་བྱོལ་དུ་ཕྱིན་ཞིང་ལོ་ན་༥༩ སོན་པའི་སི་རི་ཡའི་སྲིད་འཛིན་བྷ་ཤར་ཨ་ས་ཊི་ནི།  ཕྱི་ལོ་༢༠༠༠ ལོར་ཁོའི་ཨ་ཕ་འདས་གྲོངས་སུ་ཕྱིན་པ་ནས་བཟུང་སི་རི་ཡའི་སྲིད་འཛིན་བཅུ་དགུ་པའི་འགན་ཁུར་ཡོད་འདུག ཁོའི་ཨ་ཕས་ཕྱི་ལོ་༡༩༧༡ ནས་ཕྱི་ལོ་༢༠༠༠ ལོར་ཁོང་ཉིད་མ་གྲོངས་བར་ཡུལ་དེའི་སྲིད་འཛིན་བྱས་ཏེ། ཁྱིམ་ཚང་དེས་འདས་པའི་ལོ་ངོ་ལྔ་བཅུ་ཙམ་གྱི་རིང་སི་རི་ཡའི་གཞུང་བཟུང་ཡོད་འདུག

        བོད་དང་འབྲེལ་བའི་རྒྱལ་སྤྱིའི་གནས་ཚུལ་ཆེ་བ་ལྔ།

དྲུག་པ། ཕྱི་ཟླ་༧ ཚེས་༡༣ ཉིན་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་མཚན་རྟགས་བསྐྱོན། བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་དེ་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གཙོས་པའི་བོད་དོན་རྒྱབ་སྐྱོར་བ་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་ཐུགས་འགན་བཞེས་ཡོད་པ་དང་། ཕྱི་ཟླ་ ༦ ཚེས་ ༡༢ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་ཁྲིམས་འཆར་གྱི་བསྐྱར་བཅོས་ཚིག་བརྗོད་ལ་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པའི་འཐུས་མི་ ༣༩༡ཡིས་རྒྱབ་སྐྱོར་གནང་སྟེ་གྲོས་ཚོགས་གོང་འོག་གཉིས་ནས་གཏན་འབེབས་གནང་བ་ལྟར། ཨ་རིའི་སྲིད་འཛིན་གཞོན་པ་ཀ་མ་ལ་ཧེ་རི་སི(Kamala Harris)་དང་། གྲོས་ཚོགས་འོག་མའི་ཚོགས་གཙོ་མེག་ཇོན་སོན་ (Mike Johnson) རྣམ་གཉིས་ནས་མཚན་རྟགས་བསྐྱོན་གྲུབ་སྟེ། ཚེས་ ༡༡ ཉིན་ཨ་རིའི་སྲིད་འཛིན་ཕོ་བྲང་དུ་ཕུལ་བ་ལྟར། ཕྱི་ཟླ་༧ པའི་ཚེས་ ༡༣ ཉིན་སྲིད་འཛིན་རྗོ་བྷའེ་ཌིན་ནས་དངོས་སུ་མཚན་རྟགས་བསྐྱོན་ཡོད་པར་བརྟེན། བོད་མིའི་སྒྲིག་འཛུགས་དང་མི་མང་ནས་འཚམས་འདྲི་དང་ཐུགས་རྗེ་ཞུས་ཡོད།

བདུན་པ། ཕྱི་ཟླ་༡༢ ཚེས་༡༠ ཉིན་ཁེ་ན་ཌ་གཞུང་གིས་རྒྱ་ནག་གི་འགོ་ཁྲིད་ཟུར་པ་ཁག་ཅིག་དང་ད་ལྟ་འགོ་ཁྲིད་ཀྱི་ལས་གནས་ཐོག་ཡོད་པ་བཅས་ཁྱོན་འགོ་ཁྲིད་རྒན་གྲས་༨ ལ་བོད་དང་ཡུ་གུར་མི་རིགས། རྩ་རླུང་སྒོམ་སྒྲུབ་བཅས་ཀྱི་མི་རིགས་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་ཉེས་མིང་འོག་དཔལ་འབྱོར་ཉེས་ཆད་བཅད་ཡོད་འདུག ཐེངས་འདིར་ཁོང་ཚོའི་རྒྱུ་ནོར་རྣམས་བཀག་འགོག་བྱེད་རྒྱུ་དང་། ཁེ་ན་ཌའི་མི་སེར་དང་ལྷན་དུ་ཚོང་འབྲེལ་སོགས་ཀྱི་དཔལ་འབྱོར་མཁོ་སྒྲུབ་དང་འབྲེལ་བྱ་སྤྱོད་རིགས་འགོག་རྒྱུ། དེ་བཞིན་དཔལ་འབྱོར་དང་འབྲེལ་བའི་རོགས་རམ་སོགས་ཡོད་ཚད་བཀག་འགོག་བྱེད་རྒྱུ་ཡིན་པར་བརྗོད་འདུག 

བརྒྱད་པ།

རྒྱ་གཞུང་གིས་ཁེ་ན་ཌའི་བོད་དོན་ལྷན་ཚོགས་དང་ཡུ་གུར་ཐོབ་ཐང་རྩོད་ལེན་ཚོགས་པ་གཉིས་ཀྱི་ཚོགས་མི་ཉི་ཤུ་ལ་ཆབ་སྲིད་ཉེས་ཆད་བཀལ་བ་དེར། ཕྱི་ཚེས་༢༤ ཉིན་ཁེ་ན་ཌའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་ཁེ་ན་ཌའི་བོད་དོན་ལྷན་ཚོགས་དང་ཡུ་གུར་ཐོབ་ཐང་རྩོད་ལེན་ཚོགས་པའི་ཚོགས་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་། ཁོང་རྣམས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་སྐད་ཆ་བཤད་པར་བརྟེན། རྒྱ་གཞུང་གིས་ཁོང་རྣམས་ལ་སྲིད་དོན་ཉེས་ཆད་བཅད་པར་སྐྱོན་བརྗོད་བྱས་ཡོད་འདུག་ལ།  ཟླ་འདིའི་ཚེས་༢༥ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཁེ་ན་ཌའི་བོད་དོན་ལྷན་ཚོགས་དང་། ཁེ་ན་ཌ་ཡུ་གུར་ཐོབ་ཐང་རྩོད་ལེན་ཚོགས་པ་གཉིས་ཀྱི་ཚོགས་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་དང་། རྒྱ་ནག་དམར་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེན་བཏང་དང་གཏོང་བཞིན་པ་རྣམས་ཐེར་འདོན་གནང་རྒྱུའི་ཁྱེད་རྣམ་པའི་བློ་སྟོབས་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན་པའི་བསྒྲགས་གཏམ་སྤེལ།

དགུ་པ། ཧྥ་རན་སིའི་རྒྱལ་སའི་ནང་འཛམ་གླིང་ས་ཁུལ་གང་ས་ནས་མཁོ་སྒྲུབ་བྱས་པའི་དངོས་པོ་ས་ཡ་གཅིག་ལྷག་ཙམ་ཡོད་པའི་འགྲེམས་སྟོན་ཁང་(DU QUAI BRANLY) དང་། འགྲེམས་སྟོན་ཁང་(MUSÉE GUIMET) གཉིས་ཀྱིས་རྒྱ་གཞུང་གིས་ལོ་རྒྱུས་བསྐྱར་འབྲི་བྱས་པ་དང་རྒྱ་མི་མ་ཡིན་པའི་མི་རིགས་རྩ་མེད་བཟོ་རྒྱུའི་འཆར་གཞི་དང་མཐུན་པའི་ཐ་སྙད་དག་བེད་སྤྱོད་བྱེད་རྒྱུར་མོས་མཐུན་བྱས་པར་བོད་མི་དག་གིས་ངོ་རྒོལ་བྱས་པས། (DU QUAI BRANLY) ཞེས་པའི་འགྲེམས་སྟོན་ཁང་དེས་མིང་བསྒྱུར་ཡོད་ཀྱང་། (GUIMET) འགྲེམས་སྟོན་ཁང་གིས་བོད་ཅེས་པའི་མིང་བྱང་དེ་ཧི་མ་ལ་ཡའི་འཇིག་རྟེན་ཞེས་པ་ལས་ད་དུང་མ་བསྒྱུར་བར་བརྟེན། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཙོས་པའི་བོད་མི་ཚོས་ད་དུང་ངོ་རྒོལ་ལས་འགུལ་སྤེལ་མུས་ཡིན་པ་རེད། 

བཅུ་པ། ཕྱི་ཟླ་༡༢ ཚེས་༢༧ ཉིན་གནས་ཚུལ་སྤེལ་གསལ་ལྟར་ན། ཞི་ཅིན་ཕིང་གིས་བོད་ཀྱི་ཆུ་ཆེན་དང་པོར་གྲགས་པའི་ཡར་ཀླུང་གཙང་པོའི་བཞུར་རྒྱུད་དུ་འཛམ་གླིང་ཐོག་གི་གློག་འདོན་ཆུ་མཛོད་ཆེ་ཤོས་དེ་འཛུགས་སྐྲུན་བྱ་རྒྱུའི་ཆོག་མཆན་སྤྲད་ཡོད་འདུག་པས། རྒྱ་གར་དང་བྷང་ལ་དེ་ཤེ་བཅས་ཀྱི་མི་མང་ས་ཡ་མང་པོར་ཤུགས་རྐྱེན་ཐེབས་སྲིད་པའི་སེམས་འཚབ་བྱེད་ཀྱི་ཡོད་འདུག ད་ཆ་ཡར་ཀླུང་གཙང་རྒྱུད་དུ་འཛུགས་སྐྲུན་བྱེད་འཆར་ཡོད་པའི་གློག་ཁང་གིས་ལོ་རེར་གློག་ཤུགས་ཀི་ལོ་ཝཊ་(KWH) ཐེར་འབུམ་༨༨།༢ འདོན་ཐུབ་པའི་འབྲི་ཆུའི་འགག་གསུམ་གློག་ཁང་ལས་གློག་ཤུགས་ལྡབ་གསུམ་གྱིས་མང་བ་བཟོ་སྐྲུན་ཐུབ་རྒྱུ་ཡིན་པར་བརྗོད་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།