ཕྱི་ལོ་༢༠༢༧ ལོ་རྒྱ་ནག་གིས་ཐའེ་ཝན་ལ་བཙན་འཛུལ་བྱེད་སྲིད་པས་ཐའེ་ཝན་གྱིས་དམག་འཁྲུག་གྲ་སྒྲིག་བྱེད་བཞིན་ཡོད་འདུག 

རྒྱ་ནག་གིས་ཐའེ་ཝན་གྱི་བདེ་འཇགས་ལ་འཇིགས་སྐུལ་ཡང་ཡང་བྱེད་བཞིན་ཡོད་འདུག་པ་དང་། ཐའེ་ཝན་རྒྱ་ནག་དང་ལྷན་དུ་ཟླ་སྒྲིལ་གཏོང་རྒྱུ་ནི་སུས་ཀྱང་འགོག་ཐབས་མེད་པའི་རྒྱ་ནག་གི་མངོན་འདོད་ཡིན་ཞེས་རྗོད་ཀྱི་ཡོད་པས། སྲིད་དོན་དཔྱད་བརྗོད་པ་དག་གིས་ཕྱི་ལོ་༢༠༢༧ ལོར་རྒྱ་ནག་གིས་ཐའེ་ཝན་ལ་བཙན་འཛུལ་བྱེད་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་ཐའེ་ཝན་གྱིས་དམིགས་ཡུལ་དེ་བཟུང་ནས་དམག་འཁྲུག་འགོག་རྒོལ་ལ་གྲ་སྒྲིག་བྱེད་བཞིན་ཡོད་འདུག 

ཕྱི་ཚེས་༢༢ ཉིན་(Taipei Times)ཐའེ་པེ་དུས་བབ་ཀྱི་གནས་ཚུལ་ལྟར་ན། ཁ་སང་ཐའེ་ཝན་སྲིད་འཛིན་གྱིས་གསལ་བསྒྲགས་སྤེལ་དོན་ལ། ཐའེ་ཝན་གྱི་བདེ་སྲུང་དམག་མི་མང་དུ་གཏོང་ཐབས་ཆེད་དྭང་བླངས་དམག་མི་མང་དུ་གཏོང་རྒྱུ་ཡིན་པ་དང་། ཕྱི་ཟླ་༤ ཚེས་༡ ཉིན་དྭང་བླངས་དམག་མི་རྣམས་ལ་དམག་སྦྱོང་དངོས་སུ་འགོ་འཛུགས་བྱེད་རྒྱུ་ཡིན་པར་བརྗོད་འདུག་ལ། ཁ་སང་ནས་འབྱུང་འགྱུར་ཉིན་ལྔའི་རིང་ཐའེ་ཝན་གྱི་གནམ་དམག་དང་རྐང་དམག། མཚོ་དམག་སོགས་ཀྱིས་དམིགས་བསལ་དམག་སྦྱོང་གཞི་རྒྱ་ཆེན་པོ་ཞིག་བྱེད་འགོ་བཙུགས་ཡོད་འདུག 

དེ་བཞིན་ཐའེ་ཝན་གྱི་བདེ་སྲུང་དམག་མིའི་ཁྲོད་བཅོས་སྒྲིག་ལྔ་བྱས་ཡོད་འདུག་ཅིང་། བཅོས་སྒྲིག་དེ་དག་གི་ཁྲོད་དྭང་བླངས་དམག་མི་དང་། དམིགས་བསལ་སྦྱོང་བརྡར་ཡོད་མཁན་དམག་མི། གནམ་དམག་སྟངས་འཛིན་སྡེ་ཚན། འཕྲུལ་རིགས་སྡེ་ཚན། གློག་ཀླད་སྡེ་ཚན་བཅས་སུ་དམག་མི་མང་དུ་གཏོང་རྒྱུ་དང་། དམག་མི་དེ་དག་གི་ཟླ་ཕོག་མང་དུ་གཏོང་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད་འདུག དམག་སྡེ་བཅོས་སྒྲིག་དེ་ཐའེ་ཝན་དབུས་གཞུང་གིས་བཀའ་ཤག་ལ་བཏང་ཡོད་འདུག་ཅིང་། བཀའ་ཤག་གི་ངོས་ནས་བསྐྱར་ཞིབ་བྱེད་དགོས་ཀྱི་ཡོད་འདུག  སྲིད་འཛིན་གྱིས་གོ་མིན་ཏང་ཚོགས་པའི་ངོས་ནས་ཐའེ་ཝན་གྱི་བདེ་སྲུང་དམག་མི་དང་འབྲེལ་བའི་མ་དངུལ་བཀག་འགོག་བྱས་པ་དེ་དང་། མ་དངུལ་ཉུང་དུ་བཏང་བ་དེ་དག་ངེས་པར་དུ་བསྐྱར་ཞིབ་བྱས་ནས་སྲིད་དོན་ཚོགས་པ་གཉིས་ཀའི་ཐོག་ནས་ཐའེ་ཝན་གྱི་བདེ་སྲུང་ལ་དམིགས་ནས་རྒྱབ་སྐྱོར་བྱེད་དགོས་པ། ཐའེ་ཝན་གྱི་དམག་སྡེའི་ནུས་པ་མཐོ་རུ་བཏང་ནས་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོབ་བྱེད་དགོས་པ་བཅས་བརྗོད་པ་མ་ཟད། ད་དུང་རྒྱལ་ཁབ་ཀྱི་དམག་གི་སྟོབས་ཤུགས་ནི་རྒྱལ་ཁབ་དེའི་མི་མང་གི་རེ་བ་ཁོ་ན་དེ་ཡིན་པས་ང་ཚོས་དམག་གི་སྟོབས་ཤུགས་གོང་མཐོར་གཏོང་དགོས་པར་བརྗོད་འདུག

 འོན་ཀྱང་། ད་ལྟའི་ཐའེ་ཝན་གྱི་སྤྱི་ཚོགས་ཁྲོད་རྒྱ་ནག་གི་འཇིགས་སྐུལ་ཇེ་ཆེར་འགྲོ་བཞིན་པའི་དུས་སྐབས་སུ་ཐའེ་ཝན་གྱི་ན་གཞོན་ཚོ་དམག་མིའི་ནང་འཛུལ་རྒྱུའི་འདོད་པ་བྱེད་ཀྱི་མེད་པ་དང་། ན་གཞོན་ཕོན་ཆེན་པོ་དམག་མིའི་ཁོངས་སུ་འཛུལ་ན་བཟོ་གྲྭ་དང་ཚོང་གཉེར་ཁང་དེ་དག་གི་ནང་ལས་མི་མེད་པའི་དཀའ་ངལ་འཕྲད་སྲིད་པ་ཡིན་འདུག དེ་བཞིན་ཐའེ་ཝན་ནང་བྱིས་པ་ལོ་རེ་ནས་ལོ་རེར་སྐྱེ་མཁན་ཉུང་དུ་འགྲོ་བཞིན་ཡོད་པའི་རྐྱེན་གྱིས་ཐའེ་ཝན་གྱི་སྤྱི་ཚོགས་ཁྱོན་ཡོངས་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་རྒྱུའི་ཉེན་ཁ་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།