རྒྱ་གཞུང་གི་ཁྱབ་བསྒྲགས་དང་ཡུལ་དངོས་ཀྱི་རོགས་རམ།
ཉེ་ཆར་བོད་ལ་སྟོད་དིང་རི་རྫོང་ཁོངས་སུ་ས་ཡོམ་རྒྱག་སའི་ལྟེ་བར་གྱུར་ཏེ་མཚོ་སྒང་ཡུལ་ཚོ་དང་གྲམ་སོ་ཡུལ་ཚོའི་མགུ་རིང་གྲོང་ཚོ་གཙོ་བོར་བྱས་ཏེ་མི་རྒྱུ་ཟོག་གསུམ་ལ་གནོད་འཚེ་ཚབས་ཆེན་ཕོག་ཡོད་པ་དང་། ཉེ་འཁོར་གྱི་རྫོང་ས་སྐྱ་དང་ངམ་རིང་། ལྷ་རྩེ་སོགས་ལའང་ཤུགས་རྐྱེན་ཐེབས་ཡོད་པར་བརྗོད་པ་བཞིན། ལྷ་རྩེ་རྫོང་ཁོངས་ཀྱི་ཡུལ་ཚོ་འགའི་གྲོང་ཚོ་ཁ་ཤས་ཀྱི་ཁང་པ་སོགས་མི་རྒྱུ་ཟོག་གསུམ་ལ་གཏོར་སྐྱོན་ཆེན་པོ་བཟོས་ཏེ། ད་ཆར་ཡུལ་མི་ཚོ་སྡོད་ས་མེད་པར་གུར་ནང་དུ་བསྡད་འདུག་པ་དང། བོད་ཀྱི་དང་བླང་རོགས་སྐྱོར་བ་ཚོས་མུ་མཐུད་དངོས་ཟོག་གི་རོགས་སྐྱོར་བྱེད་བཞིན་པ། དེ་རིང་ཚེས་༩ ཉིན་དང་བླང་གི་རོགས་སྐྱོར་བ་ཚོའི་ཐད་གཏོང་ནས་མཐོང་ཐུབ་ཀྱི་འདུག དེ་བཞིན་ཨ་ནེའི་དགོན་པ་ཞིག་ལ་གཏོར་སྐྱོན་ཆེན་པོ་བཟོས་འདུག་པ་དང་། དགོན་པ་དེའི་ཨ་ནེ་གཉིས་གྲོངས་ཤིང་བཞི་ལ་རྨས་སྐྱོན་ཕོག་ཡོད་པར་རྗོད་ཀྱི་འདུག་ཀྱང་། གནོད་འཚེ་ཕོག་ཡུལ་དགོན་པ་དེ་སོགས་ཁ་ཤས་ལ་དང་བླང་བ་རྣམས་གཞུང་གིས་གཏོང་གི་མེད་པར་བརྗོད་འདུག
དིང་རིའི་ས་ཡོམ་ཁྲོད་མི་ཙམ་མ་ཟད་ཟོག་སེམས་ཅན་མང་པོའི་ཚེ་སྲོག་ཤོར་ཡོད་འདུག་ཀྱང་། རོབ་ཚོད་ཙམ་ཞིག་ཀྱང་གཞུང་སྒེར་ཚང་མ་ནས་ཤོད་མཁན་དཀོན་འདུག རྒྱ་གཞུང་གི་གསར་ལམ་ནས་ཕྱི་ཚེས་བདུན་གྱི་དགོང་མོར་མི་༡༢༦ གྲོངས་པ་དང་། མི་༡༨༨ རྨས་སྐྱོན་ཕོག་ཅིང་། དེའི་ནང་ནས་མི་༢༨ ཛ་དྲག་སྨན་ཁང་ནང་བསྐྱལ་ཡོད་པ། ཁང་ཁྱིམ་༣༦༠༩ གཏོར་སྐྱོན་ཐེབས་ཡོད་པར་བརྗོད་དེ། ཕྱི་ཚེས་༨ ནས་མི་གྲོངས་པ་སོགས་ཀྱི་གནས་ཚུལ་ཁ་སྣོན་བྱེད་མཚམས་བཞག་སོང་བ་དང་། རྒྱལ་ཁབ་གཞན་གྱི་གསར་འགོད་པ་འགྲོ་སྐྱོད་མི་ཆོག་པ་དང་། དང་བླང་ཚོས་ཀྱང་རང་འདོད་ལྟར་འགྲོ་མི་ཆོག་པར་འགྲོ་མཁས་སྡོད་མཁས་བྱེད་དགོས་པ་བརྙན་ལམ་ནས་གོ་ཐོས་ཡོང་གི་འདུག་པས་དོན་དངོས་ཤེས་ཐབས་མེད་པ་རེད། ཕྱི་ལོ་༢༠༡༠ ཟླ་༤ ཚེས་༡༤ ཡུལ་ཤུལ་ས་ཡོམ་སྐབས་སུ་ཡུལ་དངོས་ཀྱི་བོད་མི་དང་རྒྱ་གཞུང་གི་ཁྱབ་བསྒྲགས་བར་མི་གྲོངས་བའི་ཚད་ལ་ཧེ་བག་ཆེན་པོ་ཡོད་པ་བཞིན། ད་ཐེངས་ཀྱང་ས་ཡོམ་གྱི་ཤུགས་ཚད་དང་ཁང་པ་སོགས་ཀྱི་གནས་སྟངས་ལ་གཞིག་དུས། མི་རྒྱུ་ཟོག་གསུམ་ལ་གནོད་འཚེ་ཕོག་པ་རྒྱ་གཞུང་གིས་བཤད་པ་ལས་བརྒལ་ཡོད་པ་སྨྲོས་མ་དགོས་པ་ལྟ་བུར་འདུག་ལ། དེའི་ཐད་ལྟ་ཚུལ་འདོན་མཁན་མང་པོ་ཡོད་པ་བཞིན། དེ་རིང་ཡང་རོགས་སྐྱོར་བྱེད་མཁན་མ་སླེབས་ཤིང་གནོད་སྐྱོན་ཆེན་པོ་ཐེབས་པའི་གྲོང་ཚོ་ཁ་ཤས་ཡོད་པ་དང་བླང་བ་ཚོས་བརྙན་ལམ་ནས་འགྲེལ་བརྗོད་གནང་བ་མཐོང་གི་འདུག
ཕྱི་ཚེས་༨ ཉིན་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་ཟེར་བར་ཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཞེས་པ་ཞིག་ཚོགས་འདུག་པ་དང་། སྐབས་དེར་དིང་རི་ས་ཡོམ་གོད་ཆགས་འབྱུང་སར་ཛ་དྲག་གི་རོགས་སྐྱོར་བྱས་པ་ནས་མང་ཚོགས་བཀོད་སྒྲིག་གི་དུས་མཚམས་སུ་གྱུར་ཟིན་པའི་ཁར། རོགས་སྐྱོར་དཔུང་ཁག་ཀྱང་ལྡེང་ངེས་སུ་ཡོད་པས་གནོད་འཚེ་ཕོག་ཁུལ་དུ་ནམ་དུས་གྲང་ཞིང་ས་བབ་མཐོ་བས། ས་ཆ་གཞན་ནས་ཡོང་བའི་དམངས་ཁྲོད་རོགས་སྐྱོར་རུ་ཁག་སོགས། སྤྱི་ཚོགས་རྩ་འཛུགས། དང་བླང་བས་ཆོག་མཆན་མེད་པར་རང་གར་གནོད་འཚེ་ཕོག་ཁུལ་དུ་འགྲོ་མི་ཆོག་པར་བརྗོད་འདུག་པ་བཞིན། དང་བླང་བ་འགས་གནོད་འཚེ་ཕོག་ཁུལ་དུ་ཁར་ཐུག་འགྲོ་མི་ཆོག་པར་ཡིག་ཆ་འདྲ་མིན་བཟོ་དགོས་པ་སོགས་གང་འདྲ་བྱེད་དགོས་མི་ཤེས་པའི་དཀའ་ངལ་ཡོད་པར་ངུ་ངག་འདྲེས་མས་རྗོད་བཞིན་འདུག
ཐེངས་འདིར་བོད་མདོ་དབུས་ཁམས་གསུམ་ནས་ཚོགས་སྡེ་ཁག་དང་། ལས་བྱེད། དྲྭ་དཔོན་དང་ཚོང་པ་སོགས་མི་སྒེར་མང་པོ་ཞིག་ཡུལ་དངོས་ལ་ཕྱིན་ཏེ། ཟས་གོས་དང་ཉལ་ཆས། གུར་དང་ཐབ་ཆས། དངུལ་དམར་སོགས་ཁ་ཡོད་ལག་ཡོད་ཀྱི་རོགས་པ་ཧ་ཅང་ཡག་པོ་གནང་འདུག་ཀྱང་། རྒྱ་ནག་གཞུང་འབྲེལ་གྱི་གསར་ལམ་ཁག་ནས་རྒྱ་གཞུང་གིས་དམག་མི་དང་དངུལ་དངོས་ཀྱི་རོགས་སྐྱོར་བྱས་ཚུལ་གྱི་ཁྱབ་བསྒྲགས་ཁོ་ན་ལས། བོད་ཀྱི་དང་བླང་བ་ཚོས་བོད་པ་ཕན་ཚུན་རོགས་སྐྱོར་བྱེད་སྟངས་དེ་གསར་ཁང་དེ་དག་གིས་བཀྲམ་པའི་བརྙན་དང་ཡིག་ཐོག་ཏུ་བཀོད་པའི་མཐོང་ཐོས་སོགས་སུ་མ་བཀོད་པར་སྦས་འདུག་ལ། ཡུལ་ཤུལ་ས་ཡོམ་སྐབས་སུ་གྲྭ་པ་ཚོས་ཤུགས་བརྒྱབས་ཡོད་པ་བཞིན་དེ་རིང་གྲྭ་པ་རོགས་བྱེད་མཁན་མང་པོ་ཡོད་ངེས་ལ། སྤྱི་ཚོགས་བརྒྱུད་ལམ་འགའ་ནས་དེ་ལྟར་འགྲོ་བཞིན་འདུག་ཀྱང་། རྒྱལ་མཚན་ནོར་བུ་དང་བཀྲ་ཤིས་ལྷུན་པོ་དགོན་དུ་གྲྭ་པ་ཚོས་ཞལ་འདེབས་འབུལ་ས་འགའ་ལས་གཞན་མཐོང་རྒྱུ་མི་འདུག
རྒྱ་གཞུང་གིས་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་རྒྱ་སྒོར་ཁྲི་༡༣༠༠༠ གཏོང་སྤྲོད་བྱས་ཡོད་པ། དེ་བཞིན་རྒྱ་ནག་གི་སྤྱི་གཉེར་ཁང་ཆེན་མོ་ཨ་ལི་པ་པ་སོགས་ཀྱི་དངོས་ཟོག་ཕོན་ཆེན་རོགས་སྐྱོར་བྱས་པ། གནོད་འཚེ་ཕོག་པའི་མང་ཚོགས་བདེ་འཇགས་དང་དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ་ཐུབ་པར་འགན་ལེན་བྱས་པ་རེད་སོགས། མདོར་ན་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས་ཁྱབ་བསྒྲགས་བྱ་རོ་ཙམ་བྱས་འདུག་ཀྱང་། མི་མང་གི་ལག་ཏུ་བྱིའུའི་རོ་ཙམ་ཞིག་འབྱོར་ངེས་ཡིན་པ་ནི། ས་ཁུལ་མང་པོ་ཞིག་ལ་གནས་སྐབས་ཀྱི་ཟ་ཆས་ཙམ་རོགས་སྐྱོར་བྱེད་མཁན་དག་ལས་འབྱོར་ཡང་། གནམ་གཤིས་གྲང་བ་དང་ཁང་པ་གཏོར་སྐྱོར་ཤོར་བ། སྤྱིའི་འཁོས་འབྱོར་ཞན་པ་སོགས་ཀྱིས་རྗེས་སུ་དཀའ་ངལ་ཆེན་པོ་ཡོང་བ་དང་བླང་བ་ཚོས་རྗོད་བཞིན་འདུག གཞན་ཡང་ཉེ་ཆར་བོད་མི་ཞིག་གིས་ལོ་གསུམ་གོང་ནས་དབུལ་ཞྭ་ཕུད་ཟིན་པར་བརྗོད་ཀྱང་། དོན་དངོས་སུ་དབུལ་ཞྭ་སྔར་བཞིན་བསྡད་ཡོད་པ་དང་། རྫོང་དང་ཡུལ་ཚོ། གྲོང་ཚོའི་འགོ་ཁྲིད་སོགས་ཀྱིས་གོང་རིམ་ལྟ་སྐོར་དུ་སླེབ་དུས། དངོས་ཡོད་གནས་སྟངས་གང་ཡིན་མ་བསྟན་པར་མིང་དང་གོ་གནས་སོགས་ཀྱི་ཆེད་དུ་ཡག་ས་བཟང་ས་རྐྱང་གྲ་སྒྲིག་བྱས་ནས་བསྟན་པ་དང་། རོགས་སྐྱོར་སོགས་མི་མང་ལག་ཏུ་ཏག་ཏག་མ་རག་པའི་འབྲས་བུ་ཡིན་ཚུལ་སོགས་བརྗོད་འདུག ད་ལན་ས་ཡོམ་གྱི་གནོད་འཚེ་ཆེན་པོ་ཕོག་དོན་གཅིག་ནི་ས་ཡོམ་གྱི་ཤུགས་ཚད་ཆེ་བ་དང་། གཞན་ནི་ས་རྡོའི་ཁང་པ་སྐྱོ་ནས་ཡིན་ཚུལ་རྒྱ་ནག་གཞུང་འབྲེལ་གསར་ལམ་ནས་བཏོན་འདུག་པས། དེས་རྒྱ་ནག་གཞུང་གིས་ཕྱི་ཚུལ་ཙམ་ལས་དོན་དངོས་སུ་བོད་དུ་ཡར་རྒྱས་ཅི་ཙམ་བཏང་ཡོད་པ་གསལ་སྟོན་བྱས་འདུག
གཞན་ཡང་ལོ་སྔོན་མར་གནས་ཚུལ་ཆེན་པོ་མ་གོ་ཡང་ས་འགུལ་ཐེངས་མང་པོ་བྱུང་འདུག་ལ། ཕྱི་ལོ་༢༠༢༥ ཚེས་ནས་ཉིན་དགུ་ལས་མ་ཕྱིན་ཡང་བོད་ཀྱི་ས་ཁུལ་ཁག་ཏུ་ས་ཡོམ་ཆེ་ཆུང་ཉུང་མཐར་ཐེངས་༡༡ ཙམ་བྱུང་འདུག དཔེར་ན།
ཟླ་འདིའི་ཕྱི་ཚེས་༤ ཉིན་དཀར་མཛེས་ལ་ས་ཡོམ་༣་༠ བྱུང་།
ཕྱི་ཚེས་༦ ཉིན་མལ་གྲོང་གུང་དཀར་རྫོང་ལ་ས་ཡོམས་༤་༠་དང་ནག་ཆུ་ཉི་མ་རྫོང་ལ་༤་༦ བྱུང་།
ཕྱི་ཚེས་༧ ཉིན་དིང་རི་རྫོང་ལ་༦་༨ དང་ཡུན་ནན་ཤམ་བྷ་ལ་༣་༣ བྱུང་།
ཕྱི་ཚེས་༨ ཉིན་མཚོ་སྔོན་རྨ་སྟོད་རྫོང་དུ་ས་ཡོམ་༥་༥་དང་། ཉིན་དེར་དིང་རི་རྫོང་ལ་ཡང་བསྐྱར་༤་༠་དང་ལྷ་རྫེ་རྫོང་ལ་༤་༠་བཅས་བྱུང་།
ཕྱི་ཚེས་༩ ཉིན་དིང་རི་རྫོང་ལ་༣་༦ དང་ནག་ཆུ་སྦྲ་ཆེན་རྫོང་ལ་༤་༡། དེ་བཞིན་ནག་ཆུ་མཚོ་གཉིས་རྫོང་ལ་༤་༠ བཅས་བྱུང་འདུག་པ། དེའི་ནང་གནོད་འཚེ་ཆེ་ཤོས་ཕྱི་ཚེས་༧ ཉིན་བོད་སྟོད་དིང་རི་དང་ལྷ་རྩེ་སོགས་སུ་བྱུང་ཡོད་པ་དང་། ས་ཡོམ་གཞན་གྱིས་གནོད་འཚེ་བྱུང་བའི་གནས་ཚུལ་གང་ཡང་རག་གི་མི་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་།