ཕྱིར་བསྒྲགས་མ་བྱས་པའི་ཊོམ་དང་པུ་ཀྲེན་ཐུག་འཕྲད་ཐེངས་གཉིས་པ།
ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་ཨུ་རུ་སུའི་སྲིད་འཛིན་པུ་ཀྲེན་གཉིས་ཀྱི་ཐུག་འཕྲད་ཐེངས་དང་པོ་དེར། རྒྱལ་སྤྱིའི་ནང་ཁྱབ་སྤེལ་ཆེན་པོ་ཕྱིན་ཡོད་ཀྱང་། ཁོ་གཉིས་བར་རྗེས་སུ་ཐུག་འཕྲད་ཐེངས་གཉིས་པ་ཞིག་བྱས་ཡོད་པའི་གནས་ཚུལ་དེ་ཉེ་ཆར་ཕྱིར་ཐོན་ནས་དོགས་པ་མང་པོ་ཞིག་སློང་བཞིན་ཡོད་འདུག
ཟླ་༧ པའི་ཚེས་༡༩ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༧ པའི་ནང་འཇར་མན་གྱི་གྲོང་ཁྱེར་ཧེམ་བྷག་ཏུ། འཛམ་གླིང་གི་རྒྱལ་ཁབ་༢༠ ཡི་ལྷན་ཚོགས་འཚོགས་ཡོད་པ་དང་། སྐབས་དེར་ཟླ་༧ པའི་ཚེས་༧ ཉིན་ཨ་རིའི་སྲིད་འཛིན་ཊོམ་དང་ཨུ་རུ་སུའི་སྲིད་འཛིན་པུ་ཀྲེན་གཉིས་ཐུག་འཕྲད་ཐེངས་དང་པོ་བྱས་ཏེ། ཆུ་ཚོད་གཉིས་ལྷག་སྐད་ཆ་བཤད་ཡོད་པ་རེད་ལ། གནད་དོན་དེ་རྒྱལ་སྤྱིའི་ནང་ཕྱི་གསལ་ནང་གསལ་ཡིན་ཡང་། རྗེས་སུ་འཛམ་གླིང་གི་འགོ་ཁྲིད་རྣམས་དགོང་དྲོའི་གསོལ་ཚིགས་ཤིག་གོ་སྒྲིག་བྱས་སྐབས། སྲིད་འཛིན་ཊོམ་གྱིས་རང་ཉིད་ཀྱི་རྐུབ་སྟེགས་ནས་ལངས་ཏེ། སྲིད་འཛིན་པུ་ཀྲེན་གྱི་ཉེ་འགྲམ་དུ་བསྡད་ནས་ཕྱོགས་གཉིས་བར་ཆུ་ཚོད་༡ ལྷག་སྐད་ཆ་བཤད་ཡོད་འདུག དེ་ཡང་ཨ་རི་དང་ཨུ་རུ་སུ་གཉིས་ཀྱི་ཆབ་སྲིད་དང་དམག་དོན་སོགས་ཀྱི་སྲིད་ཇུས་གཉིས་ལ་འགལ་ཟླ་ཆེན་པོ་ཡོད་ཀྱང་། དགོང་དྲོའི་གསོལ་ཚོགས་དེར་འཛམ་གླིང་གི་འགོ་ཁྲིད་གཞན་རྣམས་སྣང་མེད་བཏང་ནས། ཊོམ་གྱིས་པུ་ཀྲེན་དང་མཉམ་དུ་དུས་ཚོད་རིང་པོ་ཞིག་ལ་སྐད་ཆ་བཤད་ནས་བསྡད་པ་དེར། འཛམ་གླིང་གི་འགོ་ཁྲིད་མང་པོ་ཞིག་ཧང་སང་ཡོད་པའི་གནས་ཚུལ་འདུག
དེ་བཞིན་ཁོ་གཉིས་སྐད་ཆ་བཤད་སྐབས་ཨ་རིའི་སྐད་སྒྱུར་བ་མེད་པར། ཨུ་རུ་སུའི་སྐད་སྒྱུར་བ་ཞིག་གིས་བསྒྱུར་ཡོད་འདུག་པས། དེ་ནི་ཨ་རིའི་བདེ་འཇགས་ཀྱི་ལས་དོན་བྱེད་སྟངས་དང་འགལ་བ་ཡིན་འདུག་པ་མ་ཟད། ཁོ་གཉིས་བར་སྐད་ཆ་ག་རེ་བཤད་ཡོད་པའི་ཕབ་སྒྱུར་དེ་ཨུ་རུ་སུར་ཡོད་པ་ལས། ཨ་རི་ལ་མེད་པ་དེ་ནི་གནད་དོན་ཡག་པོ་ཞིག་མིན་སྐོར་ཨ་རིའི་བརྒྱུད་ལམ་སི་ཨན་ཨན་གྱི་ཕྱི་འབྲེལ་དང་དམག་དོན་གྱི་དཔྱད་ཞིབ་པ་ཇོན་ཀིར་བྷི་ཡིས་བརྗོད་འདུག
སྲིད་འཛིན་ཊོམ་གྱིས་དགོང་དྲོའི་གསོལ་ཚོགས་སྐབས་རྒྱལ་ཁབ་༢༠ ཡི་འགོ་ཁྲིད་དང་དེ་དག་གི་བཟའ་ཟླ་རྣམས་གདན་དྲངས་ཡོད་པས། ཨུ་རུ་སུའི་སྲིད་འཛིན་ལ་གསང་བའི་ཐོག་ནས་དགོང་དྲོའི་ཁ་ལག་ཟོས་པ་ཞེས་པ་དེ་ནི་རྫུན་མ་ཡིན་སྐོར་བརྗོད་ཡོད་འདུག
ཨ་རིའི་སྲིད་གཞུང་གིས་ཐུག་འཕྲད་དེ་དངོས་སུ་བྱུང་ཡོད་པ་ཟླ་༧ པའི་ཚེས་༡༨ ཉིན་ཁས་ལེན་བྱས་ཡོད་པ་དང་། འཛམ་གླིང་གི་འགོ་ཁྲིད་གཞན་དང་འབྲེལ་བ་བྱེད་རྒྱུ་ནི་སྲིད་འཛིན་ཊོམ་གྱི་ལས་འགན་ཡིན་པས། གནད་དོན་དེ་ནི་ཚབས་ཆེན་པོ་མིན་པ། དེ་བཞིན་སྐབས་དེར་ཨ་རིའི་སྐད་སྒྱུར་བ་དེ་ཉི་ཧོང་གི་སྐད་ལས་ཨུ་རུ་སུའི་སྐད་ཤེས་ཀྱི་མེད་པས། ཨུ་རུ་སུའི་སྐད་སྒྱུར་བ་དེས་བསྒྱུར་བ་ཡིན་སྐོར་བརྗོད་ཡོད་འདུག
ཨ་རིའི་འོས་བསྡུའི་ནང་ཨུ་རུ་སུས་ཐེ་ཇུས་བྱས་ཡོད་པའི་རྩོད་རྙོག་དང་འབྲེལ་ནས། ཊོམ་དང་པུ་ཀྲེན་གཉིས་ཀྱི་འབྲེལ་ལམ་ལ་དོགས་པ་དང་ཚོད་དཔག་བྱེད་མཁན་མང་པོ་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།