ཕྱུག་བདག་གཙོ་བོར་འཛིན་པའི་ཨ་རི།

བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༣༣ གྱི་ཆེད་བརྗོད།

ཉེ་ཆར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་དམ་འབུལ་གྲུབ་རྗེས་སྲིད་བྱུས་མང་པོ་ཞིག་དངོས་སུ་ལག་བསྟར་བྱེད་འགོ་བཙུགས་ཡོད་པ་དང། ཊོམ་གྱིས་ཨ་རི་གཙོ་བོར་འཛིན་པའི་སྲིད་བྱུས་ཟེར་བ་དེར་ཨ་རིའི་མི་མང་གིས་ཀྱང་ཚད་མཐོའི་རྒྱབ་སྐྱོར་ཐོབ་ཡོད། སྤྱིར་ཆབ་སྲིད་དང་དམག་དོན། དཔལ་འབྱོར་སོགས་ཕྱོགས་གང་ཐད་ནས་རང་ཉིད་ཀྱི་རྒྱལ་ཁབ་གཙོ་བོར་མི་འཛིན་མཁན་གྱི་རྒྱལ་ཁབ་ཅིག་མེད་ནའང། ཕྱི་གསལ་ནང་གསལ་གྱི་ཐོག་ནས་ཨ་རི་གཙོ་བོར་འཛིན་པའི་སྲིད་བྱུས་ཀྱི་འབོད་སྒྲ་དངོས་སུ་སྒྲོག་མཁན་སྲིད་འཛིན་ཌོ་ནལ་ཊོམ་ཡིན་པ་མ་ཟད། ད་ལྟ་ཨ་རིའི་མི་མང་གི་དགའ་ཕྱོགས་ཀྱང་འདིའི་ཐོག་ཏུ་འཁྲིད་ཐུབ་ཡོད། ལྷག་པར་དུ་ད་ལོ་ཊོམ་ལ་རྒྱལ་ཁབ་ཐོབ་དགོས་པའི་རྒྱུ་མཚན་གཙོ་བོ་གཅིག་ནི་འཛམ་གླིང་གི་ཕྱུག་བདག་ཆེ་ཤོས་ཨི་ལོན་མཱ་སི་ཀིས་(Elon Musk)ཨ་སྒོར་དུང་ཕྱུར་མང་པོ་འགྲོ་སོང་བཏང་ནས་རྒྱབ་སྐྱོར་བྱས་པ་ལ་བརྟེན་ནས་བྱུང་ཞིང། ཊོམ་ལ་རྒྱལ་ཁ་ཐོབ་པས་ཨི་ལོན་གྱི་རྒྱུ་ནོར་ཨ་སྒོར་ཐེར་འབུམ་བརྒྱ་ལྷག་འཕར་ཡོད་པའི་གནས་ཚུལ་ཡང་ཐོན་ཡོད།

འོས་ཤོག་ཐོབ་རྗེས་ངོ་དེབ་ཀྱི་སྦྱིན་བདག་མཱར་ཛུ་ཀེར་བྷེག་(Mark Zuckerberg)གིས་ཊོམ་ལ་རྒྱབ་སྐྱོར་ཆེན་པོ་ཡོད་པ་དང། དམ་འབུལ་མཛད་སྒོའི་སྐབས་ཨ་སྒོར་དུང་ཕྱུར་གཅིག་འགྲོ་སོང་གཏོང་རྒྱུ་ཡིན་ཚུལ་ཡང་བརྗོད་སོང་། སྐབས་སྔོན་མ་ངོ་དེབ་ཀྱིས་བྷའེ་ཌན་ལ་རྒྱབ་སྐྱོར་བྱས་ནས་ཊོམ་ངོ་དེབ་ལས་ཕྱིར་འཕུད་བྱས་ཡོད་ཀྱང། ད་ལྟའི་ཆར་མང་གཙོ་ཚོགས་པས་སྨྲ་བརྗོད་རང་དབང་བཀག་ཚུལ་བརྗོད་ནས་ཊོམ་ལ་སྤྲེལ་ལད་འཁྲབ་འགོ་བཙུགས་འདུག ཊོམ་གྱིས་ད་ལན་སྐྱབས་བཅོལ་བ་ཡིག་ཆ་མ་རག་མཁན་ཚང་མ་ཕྱིར་འཕུད་གཏོང་རྒྱུའི་སྲིད་བྱུས་ཤིག་བཟུང་ཡོད་པ་དང་། ཨ་རིའི་ནང་ཁྲིམས་མཐུན་གྱི་ཡིག་ཆ་མ་ཐོབ་པའི་མི་འབོར་ས་ཡ་གསུམ་ཙམ་ཡོད་པ་རྣམས་ཕྱིར་འཕུད་བྱ་རྒྱུ་ཡིན་འདུག་པ་དང། རྒྱ་གར་གཅིག་པུར་མི་གྲངས་ཁྲི་གཉིས་ལྷག་ཅིག་ཕྱིར་འཕུད་བྱ་རྒྱུ་ཡིན་འདུག དེ་ལ་བརྟེན་ནས་ཕ་མ་བུ་ཕྲུག་ཁ་བྲལ་གཏོང་བ་དང་མི་མང་པོ་ཞིག་གི་འཚོ་གནས་ལ་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡིན་འདུག་པ་མ་ཟད། མི་མང་པོ་ཞིག་གི་ཚེ་སྲོག་ལའང་དཀའ་ངལ་འཕྲད་སྲིད་པ་རེད། 

ཨ་རི་ལ་མཚོན་ནའང་ལས་ཀ་ཙག་ཙིག་བྱེད་མཁན་ཉུང་དུ་འགྲོ་ངེས་ཡིན་པ་དང། ད་ལྟའི་ཆར་ལས་ཀ་ཙག་ཙིག་དེ་ཚོ་ཨ་རི་བ་ལ་མ་ཐོབ་པ་ཞིག་མིན་པར་མ་བྱས་པ་ཡིན་པས། མ་འོངས་པར་བྱེད་དགོས་ཐུག་ན་གླ་ཆ་ནི་སྐྱབས་བཅོལ་བ་ཚོ་ལས་མཐོ་བ་སྤྲད་དགོས་པ་ནི་སྨྲོས་མེད་རེད། འགྲོ་བ་མིའི་ཐོབ་ཐང་གི་འབོད་ཚིག་འདི་ཨ་རི་ཙམ་མ་ཡིན་པར་འཛམ་གླིང་གི་ས་ཕྱོགས་གང་ས་ནས་རིན་ཐང་གང་ཡང་མེད་པ་ཞིག་ཏུ་འགྱུར་བཞིན་འདུག ཨ་རི་ལ་མཚོན་ན་ས་བབས་དང་ཁོར་ཡུག་གང་ཐད་ནས་སྐྱབས་བཅོལ་བ་དེ་ཙམ་མང་པོ་མིན་ཞེས་བརྗོད་ཆོག་ཀྱང། ཡུ་རོབ་ཁུལ་ལ་མཚོན་ན་ས་རྒྱ་ཆུང་བ་དང་མི་འབོར་ཉུང་བ་སོགས་གང་ཐད་ནས་སྐྱབས་བཅོལ་བའི་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཡོད་པས། ཨ་རི་ལ་དཔེ་བལྟས་ནས་མ་འོངས་པར་སྲིད་བྱུས་འདི་ལག་བསྟར་བྱེད་སྲིད་པ་མ་ཟད། ཧྥ་རན་སིའི་སྲིད་འཛིན་གྱི་འོས་གཞིར་ཐེངས་གཉིས་ཞུགས་མཁན་བུད་མེད་དེས་ཀྱང་འབོད་སྒྲ་ཊོམ་དང་གཅིག་པ་ཡིན་པས། མ་འོངས་པར་ཁོང་དང་ཁོང་ལྟ་བུ་དག་ལ་རྒྱལ་ཁ་འཐོབ་མི་སྲིད་པ་མ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛུགས་ཁག་ཅིག་ལས་ཨ་རི་ཕྱིར་ཐོན་བཞིན་པ་དང། མཐུན་ཕྱོགས་གཙོ་བོ་ཡུ་རོབ་ལ་སྣང་ཆུང་དང་བྱང་ཆིངས་སྒྲིག་འཛུགས་ལ་ཨ་རིས་ནུས་པ་འདོན་རྒྱུ་ཉུང་དུ་གཏོང་འཆར་ཡོད་འདུག འོན་ཀྱང་ཨ་རིའི་ལྡོག་ཕྱོགས་སུ་ལངས་པའི་ར་ཤི་ཡ་དང། རྒྱ་ནག བྱང་ཀོ་རི་ཡ་སོགས་ཀྱི་ཕྱོགས་ཁག་བརྟན་དུ་འགྲོ་བཞིན་པ་མ་ཟད། ནུས་ཤུགས་གཅིག་ཏུ་སྤུང་རྒྱུར་ཤུགས་རྒྱག་བཞིན་ཡོད། ཊོམ་གྱི་དམ་འབུལ་མཛད་སྒོར་ཞི་ཅིན་ཕིང་ལ་མགྲོན་བརྡ་བཏང་ཡང་། ༢༠༢༠ ལོར་ཊོམ་ལ་འོས་འཕེན་དགོས་པའི་འབོད་སྐུལ་བྱེད་མྱོང་མཁན་དང། འཛམ་གླིང་གི་མི་འབོར་མང་ཤོས་རྒྱ་གར་གྱི་སྲིད་བློན་མོ་དྷི་མགྲོན་འབོད་བྱས་མི་འདུག གང་ལྟར་ཨ་རི་གཙོ་བོར་བཟུང་ཡང་ཨ་རི་གཙོ་བོར་འགྱུར་ཐུབ་མིན་བཤད་དཀའ་ལ། སྔོན་མ་དང་མི་འདྲ་བར་སུ་གང་ལ་བསྟུན་མི་དགོས་པའི་དུས་ཚོད་ཅིག་མ་རེད། ཨ་རིའི་རིན་ཐང་ལྟ་བ་དང་འཛམ་གླིང་སྣེ་ཁྲིད་ཀྱི་ནུས་པ་འདི་ལྟར་ཉམས་སོང་ན། རྒྱ་ནག་སོགས་དམར་ཤེད་ཅན་དག་གིས་འཛམ་གླིང་སྣེ་ཁྲིད་དགོས་ཐུག་སྲིད་ཀྱི་རེད།

མདོར་ན་ཊོམ་གྱིས་ཨ་རིས་རོགས་དངུལ་སྤྲོད་བཞིན་པ་ཁག་ཟླ་བ་གསུམ་རིང་བཀག་བསྐྱིལ་བྱས་འདུག་པས་རྒྱལ་ཁབ་དང་ཚོགས་པ་ཁག་ལའང་དཀའ་ངལ་འཕྲད་ངེས་རེད་ལ། ཞོར་དུ་བོད་མིའི་སྒྲིག་འཛུགས་ལའང་ཤུགས་རྐྱེན་ཐེབས་ཡོད་འདུག གནས་སྐབས་ཀྱི་བཀག་བསྐྱིལ་ཙམ་ཡིན་ན་དེ་ཙམ་སྐྱོན་མེད་ཀྱང། མ་འོངས་པར་ཕྱོགས་ཡོངས་ནས་བོད་མིའི་སྒྲིག་འཛུགས་ལ་དཀའ་ངལ་ཆེན་པོ་འཕྲད་མི་སྲིད་པ་མ་རེད། ཊོམ་གྱིས་ཨ་རིའི་ཕྱུག་བདག་རྣམས་ལ་གཙོ་བོར་འཛིན་པའི་སྲིད་བྱུས་ཤིག་ལག་བསྟར་བྱེད་འཆར་ཡོད་པ་དང། ཨི་ལོན་གྱིས་ཚོང་གི་ཁེ་ཕན་ཆེད་རྒྱ་ནག་དང་འབྲེལ་བ་དམ་དུ་འཛིན་རྒྱུའི་དམིགས་ཡུལ་ཡོད་པས། ཡུ་རོབ་ཀྱིས་རྒྱ་ནག་གི་གློག་གི་རླངས་འཁོར་བཀག་པར་ཨི་ལོན་གྱིས་དང་བླངས་ཐོག་རྒྱ་ནག་གི་རྒྱབ་རྩ་བྱས་ནས་ཡུ་རོབ་ཁྲིམས་གཏུག་བྱས་ཡོད་པས། ཁྲིམས་དཔོན་རྣམས་རྒྱུ་ནོར་གྱིས་བསླུ་བྲིད་བྱེད་སྲིད་པས་ཊོམ་གྱི་ཨ་རི་གཙོ་བོར་འཛིན་པའི་སྲིད་བྱུས་དེ་དོན་གྱིས་རྒྱ་ནག་ལ་ཁེ་ཕན་གཙོ་བོ་འཐོབ་རྒྱུ་ཡིན་པ་ལྟ་བུར་གྱུར་མི་འདུག་གམ།།