ཕྱོགས་འགལ་ཚོགས་པས་འོས་བསྡུའི་གྲུབ་འབྲས་ཁས་ལེན་བྱས་མི་འདུག

རྙོག་གླེང་ཆེ་བའི་བྷང་ལ་ཌེ་ཤིའི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་མཇུག་བསྒྲིལ་ནས། འོས་བསྡུའི་གྲུབ་དོན་དུ་གཞུང་འཛིན་ཚོགས་པར་རྒྱལ་ཁ་ཤིན་ཏུ་ཆེན་པོ་ཐོབ་ཡོད་ཀྱང་། ཕྱོགས་འགལ་ཚོགས་པས་གྲུབ་འབྲས་དེ་ནི་རྫུན་བཟོ་ཡིན་པའི་སྐྱོན་བརྗོད་ཀྱིས། ཁས་ལེན་མ་བྱས་པར་འོས་བསྡུ་བསྐྱར་དུ་བྱེད་པའི་དགོས་འདུན་བཏོན་འདུག

ཟླ་༡༢ པའི་ཚེས་༣༠ ཉིན་བྷང་ལ་ཌེ་ཤི་ནང་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་བྱས་ཡོད་པ་དང་། འོས་བསྡུའི་དུས་ཚོད་འགོ་བཙུགས་བའི་རྗེས། གཞུང་འཛིན་ཚོགས་པས་འོས་གྲངས་རྫུན་བཟོ་དང་འོས་སྒམ་ནང་འོས་ཤོག་འཕར་མ་འཕེན་པ་སོགས་དྲང་བདེན་མིན་པའི་ལས་དོན་སྤེལ་གྱི་ཡོད་པ་སོགས་ཀྱི་སྐྱོན་བརྗོད་བྱས་ནས། ཕྱོགས་འགལ་ཚོགས་པའི་གྲོས་ཚོགས་འཐུས་མིའི་འོས་མི་༤༠ ལས་མང་བ་འོས་འགྲན་ནས་ཕྱིར་འཐེན་བྱས་ཡོད་འདུག

འོས་གྲངས་རྩིས་བཤེར་གྲུབ་པའི་རྗེས་སུ། རྒྱལ་ཁབ་དེའི་དབུས་འོས་བསྡུ་ལྷན་ཁང་གིས་འོས་བསྡུའི་གྲུབ་དོན་གསལ་བསྒྲགས་སྤེལ་ཡོད་པ་དང་། གཞུང་འཛིན་ཚོགས་པ་དང་དེའི་ཟླ་སྒྲིལ་ཚོགས་པར་གྲོས་ཚོགས་ནང་གི་རྐུབ་སྟེགས་༣༥༠ ལས་༢༨༨ ཐོབ་སྟེ། གཞུང་འཛིན་པར་དགོས་ངེས་ཀྱི་རྐུབ་སྟེགས་༡༥༡ བརྒལ་ཡོད་ཁར།  ཕྱོགས་འགལ་ཚོགས་པ་གཙོ་བོ་དང་དེའི་ཟླ་སྒྲིལ་ཚོགས་པར་རྐུབ་སྟེགས་༦ ལས་ཐོབ་མེད་འདུག

ཕྱོགས་འགལ་ཚོགས་པས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ། ཕྱོགས་འགལ་ཚོགས་པའི་ལས་འགུལ་བ་སྟོང་ཕྲག་མང་པོ་འོས་བསྡུའི་ཉིན་མོ་མ་སླེབས་པའི་སྔོན་དུ། འཇུ་བཟུང་བྱས་ཡོད་པ་དང་། ཐེངས་འདིའི་འོས་བསྡུ་དེར་དྲང་བདེན་བྱུང་མེད་པས། འོས་བསྡུའི་གྲུབ་འབྲས་རྫུན་བཟོ་བྱས་པ་དེར་ཁས་ལེན་མེད་སྐོར་བརྗོད་ནས། ཕྱོགས་རིས་མེད་པའི་ཚོགས་སྡེ་ཞིག་གི་རྟོག་ཞིབ་འོག དབུས་འོས་བསྡུ་ལས་ཁང་གིས་འོས་བསྡུ་བསྐྱར་དུ་བྱེད་དགོས་སྐོར་བརྗོད་འདུག

འོས་བསྡུའི་ཉིན་མོར་རྒྱལ་ས་ཌ་ཀཱའི་ཁུལ་དུ་རྙོག་གྲ་བྱུང་མེད་ཀྱང་། ས་གནས་གཞན་དུ་བདེ་སྲུང་མི་སྣ་འབུམ་དྲུག་ལྷག་སྒྲིག་འཇོག་བྱས་མིན་ལ་མ་ལྟོས་པར། གཞུང་འཛིན་ཚོགས་པ་དང་ཕྱོགས་འགལ་ཚོགས་པའི་རྒྱབ་སྐྱོར་བའི་བར་ལ་འཁྲུག་འཛིངས་ཤོར་ནས། ཉུང་མཐར་མི་གྲངས་༡༧ གྱི་ཚེ་སྲོག་ཤོར་ཡོད་འདུག

ཨ་རིའི་ནང་དུ་ཡོད་པའི་གཙུག་ལག་སློབ་གཉེར་ཁང་ཞིག་གིས་ཆབ་སྲིད་རིག་པའི་སློབ་དཔོན་ཞིག་གིས། བྷང་ལ་ཌེ་ཤིའི་འོས་བསྡུ་དེ་ནི་དྲང་བདེན་གང་ཡང་མེད་པ་ཞིག་ཡིན་པ་དང་། གཞུང་འཛིན་ཚོགས་པར་རྒྱལ་ཁ་ཆེན་པོ་དེ་འདྲ་ཐོབ་པ་དེས། འོས་གྲངས་རྫུན་བཟོ་དང་འོས་ཤོག་འཕར་མ་འཕེན་པའི་ལས་དོན་གྱི་ཁྱབ་ཆེ་ཆུང་ཧ་གོ་ཐུབ་ཀྱི་ཡོད་སྐོར་བརྗོད་འདུག དབུས་འོས་བསྡུ་ལས་ཁང་གིས་རྒྱལ་ཡོངས་ནས་འོས་བསྡུ་དང་འབྲེལ་བའི་ཉེས་འཛུགས་ཀྱི་སྙན་ཞུ་མང་པོ་འབྱོར་ཡོད་པས། དེ་དག་ཐོག་ཉམས་ཞིབ་བྱེད་བཞིན་ཡོད་པས། གལ་ཏེ་ཉེས་འཛུགས་དེ་དག་ལ་ཁུངས་སྐྱེལ་དཔང་རྟགས་ར་སྤྲོད་ཐུབ་ཚེ། ཁྲིམས་དང་མཐུན་པའི་ལས་དོན་ལག་བསྟར་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག

རྒྱལ་ཁ་ཐོབ་མཁན་གཞུང་འཛིན་ཚོགས་པའི་སྲིད་བློན་འོས་མི་ལྕམ་ཧཱ་སི་ནས་ད་བར་སྲིད་བློན་སྐབས་གཉིས་བྱས་ཟིན་ཡོད་པ་དང་། ཐེངས་འདིའི་རྒྱལ་ཁ་ལ་བརྟེན་ནས་སྲིད་བློན་གྱི་ལས་ཁུར་སྐབས་གསུམ་པ་བྱེད་རྒྱུ་རེད་འདུག

ཐེངས་འདིའི་འོས་བསྡུའི་ནང་དེབ་སྐྱེལ་བྱས་པའི་འོས་འཕེན་པ་ས་ཡ་༡༠༤ ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།