བཀག་སྡོམ་བྱས་མིན་ལ་མ་ལྟོས་པར་ཧོང་ཀོང་ནང་དྲུག་བཞི་དོན་རྐྱེན་རྗེས་དྲན་བྱས་འདུག 

ཧོང་ཀོང་ཉེན་རྟོག་པས་ཏོག་དབྱིབས་ནད་དུག་གི་ཁྱབ་བརྡལ་གྱི་ཉེན་ཁ་ཡོད་སྐོར་བརྗོད་ནས། འདི་ལོའི་དྲུག་བཞིའི་དོན་རྐྱེན་རྗེས་དྲན་གྱི་ལས་འགུལ་སྤེལ་རྒྱུའི་ཆོག་མཆན་སྤྲད་མེད་ཀྱང་། མི་མང་སྟོང་ཕྲག་མང་པོས་བཀག་སྡོམ་རྩིས་མེད་ཀྱིས་ལས་འགུལ་ནང་མཉམ་ཞུགས་བྱས་འདུག 

ལོ་ལྟར་ཟླ་༦ པའི་ཚེས་༤ ཉིན་གྱི་དགོང་མོར་ཧོང་ཀོང་ནང་དུ་མི་མང་ཁྲི་ཕྲག་མང་པོ་མཉམ་འཛོམས་ཀྱིས། ཕྱི་ལོ་༡༩༨༩ ལོའི་༦ པའི་ཚེས་༤ ཉིན་རྒྱ་ནག་གཞུང་གིས་གནམ་སྡེ་སྒོ་མོ་ཐང་ཆེན་དུ་མང་གཙོ་དོན་གཉེར་བའི་སློབ་མ་ལས་འགུལ་བ་སྟོང་ཕྲག་མང་པོ་དམར་གསོད་བཏང་བའི་དོན་རྐྱེན་རྗེས་དྲན་ཞུ་ཡི་ཡོད་པ་རེད། འོན་ཀྱང་འདི་ལོར་ཧོང་ཀོང་ཉེན་རྟོག་པས་ཏོག་དབྱིབས་ནད་དུག་ལ་བརྟེན་ནས་མི་མང་མཉམ་འཛོམས་བྱས་ཚེ། ནད་དུག་ཁྱབ་བརྡལ་འགྲོ་བའི་ཉེན་ཁ་ཡོད་སྐོར་བརྗོད་ནས་ལས་འགུལ་གོ་སྒྲིག་བྱེད་པའི་ཆོག་མཆན་སྤྲད་མེད་པ་རེད། རྒྱ་ནག་དམར་ཤོག་གཞུང་གིས་ཧོང་ཀོང་ནང་དུ་རྩོད་རྙོག་ཆེ་བའི་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ལག་བསྟར་བྱེད་རྒྱུ་གཏན་འབེབས་བྱས་ཡོད་རྐྱེན། ཧོང་ཀོང་ནང་གི་མང་གཙོའི་ཐོབ་ཐང་རྣམས་མེད་པ་ཆགས་ནས། རྒྱ་ནག་གི་གྲོང་ཁྱེར་གཞན་དང་གཅིག་མཚུངས་ཆགས་ཉེན་ཡོད་པའི་སེམས་འཚབ་བྱེད་མཁན་མང་བའི་སྐབས་དེར། ཉེན་རྟོག་པས་དྲུག་བཞིའི་དོན་རྐྱེན་རྗེས་དྲན་གྱི་ལས་འགུལ་ལ་ལོ་མང་པོ་ཡི་ནང་ཐེངས་དང་པོར་ཆོག་མཆན་མ་སྤྲད་པ་དེ་ནི་མང་གཙོའི་ཐོབ་ཐང་དང་རང་དབང་རྩིས་མེད་གཏོང་འགོ་བཙུགས་བཞིན་པར་ངོས་འཛིན་བྱེད་མཁན་ཡང་མང་པོ་ཡོད་འདུག 

༦ པའི་ཚེས་༤ ཉིན་ཉེན་རྟོག་པའི་བཀག་སྡོམ་དང་རེ་སྐུལ་ལ་མ་ལྟོས་པར། དགོང་མོའི་ཆུ་ཚོད་༧ པ་ཙམ་ནས་མི་མང་སྟོང་ཕྲག་མང་པོས། ལས་འགུལ་ཆེད་དུ་འདུ་འཛོམས་བྱེད་ཡུལ་གྱི་ས་གནས་ཀྱི་མཐའ་སྐོར་དུ་བཞག་པའི་ལྕགས་རི་རྣམས་མར་རིལ་ནས་ནང་དུ་འཛུལ་འགོ་བཙུགས་འདུག རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་ཉེན་རྟོག་པ་སྟོང་ཕྲག་མང་པོ་སྒྲིག་འཇོག་བྱས་ཡོད་ཚུལ་བརྗོད་འདུག་པ་དང་། ཉེན་རྟོག་པ་ཟུར་དུ་བསྡད་ནས་ལས་འགུལ་བ་རྣམས་ཀྱི་བརྙན་དུ་བླངས་པ་ལས་གཞན་མངོན་གསལ་དོད་པོ་གང་ཡང་བྱས་མེད་འདུག 

རྗེས་དྲན་གྱི་ལས་འགུལ་དངོས་སུ་འགོ་བཙུགས་རྗེས་ལས་འགུལ་བ་ཚོས་ཡང་ལ་སྤར་བའམ་ཁ་པར་གློག་སྤར་འདུག དེའི་རྗེས་སུ་མྱ་ནནང་གྱི་ངག་བཅད་དང་མང་གཙོའི་གཞས་སོགས་བཏང་ཡོད་ཁར། ཁག་ཅིག་གིས་དམར་གསོད་ཀྱི་གནོད་ཚེ་ཕོག་ཡུལ་རྣམས་ལ་དག་སེལ་དང་དམར་གསོད་གཏོང་མཁན་ཚོར་འགན་ཁྲི་འཁུར་དགོས་པའི་སྐད་འབོད་བྱས་འདུག ལས་འགུལ་བ་ཁག་ཅིག་གིས་ཧོང་ཀོང་གཅིག་རྒྱལ་ཁབ་གཅིག་ཅེས་པའི་སྐད་འབོད་བྱས་པ་དང་། རྒྱལ་དར་ཐོག་ཏུ་ཧོང་ཀོང་རང་བཙན་ཞེས་བྲིས་པ་འཕྱར་ནས་གོམ་བགྲོད་བྱས་ཡོད་འདུག 

མཉམ་ཞུགས་པ་ཞིག་གིས་ཁོང་ལོ་མང་སྔོན་ནས་ལས་འགུལ་དེར་མཉམ་ཞུགས་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གི་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་དེ་གཏན་འབེབས་བྱུང་བ་ཡིན་ནའང་། ལོ་རྗེས་མར་ལས་འགུལ་ལ་མཉམ་ཞུགས་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག ལས་འགུལ་བའི་ཁོངས་ནས་ཁག་ཅིག་གིས་མ་འོངས་པར་ཐེངས་འདིའི་ལས་འགུལ་དེ་རིགས་ཁྲིམས་འགལ་ཆགས་སྲིད་པའི་སེམས་འཚབ་ཡོད་པའི་སྐད་ཆ་ཡང་བཤད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།