བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་འདས་གྲོངས་སུ་གྱུར་པས་ས་ཕྱོཌ་གང་སར་ནས་མཆོད་འབུལ་སྨོན་ལམ་དང་མྱ་ངན་ཞུ་བཞིན་འདུག

ཕྱི་ཟླ་༢ པའི་ཚེས་ ༨ ཉིན་གྱི་དགོང་མོར་སྐུའི་གཅེན་པོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་བཀའ་སྦུག་གཟིམ་ཤག་ཏུ་འདས་གྲོངས་སུ་གྱུར་ཡོད་པ་དང་། ཕྱི་ཚེས་༩ ཉིན་གྱི་ཞོགས་པར་བཀྲ་ཤིས་ལྷུན་པོའི་ཆོས་གྲྭའི་ནང་དགའ་ལྡན་ཕོ་བྲང་གིས་གོ་སྒྲིག་ཞུས་པའི་འདས་མཆོད་སྨོན་ལམ་གྱི་ཚོགས་མགོན་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་མཛད་དེ་བཀའ་སློབ་བསྩལ་དོན། ངོས་ཀྱི་གཅེན་པོ་རྒྱལ་ལོ་དོན་གྲུབ་འདས་གྲོངས་ཕྱིན་པ་རེད། དེའི་འདས་མཆོད་དུ་འདིར་ཚོགས་བཞུགས་ཀྱི་དགེ་འདུན་པ་ཚོར་བསྙེན་བཀུར་བྱས་ནས་དམིགས་ཡུལ་གཙོ་བོ་དེ་ངོས་ཀྱི་གཅེན་པོ་རྒྱལ་ལོ་དོན་གྲུབ་ཀྱིས་ཧུར་ཐག་འབད་ཐག་ཧ་ཅང་ཡག་པོ་བྱས་པ་རེད། སྙིང་རྗེ། ཧ་ལས་པའི་སེམས་ཤུགས་དང་སྙིང་སྟོབས་ཆེན་པོ་རེད། དེ་རིང་འདིར་འདས་མཆོད་བསྙེན་བཀུར་བྱས་ཏེ་ངོས་ཀྱི་གཅེན་པོ་རྒྱལ་ལོ་དོན་གྲུབ་རིམ་བཞིན་སྐྱེ་གནས་བཟང་པོ་ཞིག་དང་། བོད་རིགས་རང་དུ་སྐྱེ་བ་དང་། དེའི་ནང་ནས་བོད་ཀྱི་བསྟན་པ་ཆབ་སྲིད་ལ་ཞབས་འདེགས་སྒྲུབ་མཁན་ཞིག་རྒྱུན་མཐུད་ནས་ཡོང་ཐུབ་པར་ཁོང་རང་གིས་སྨོན་ལམ་བརྒྱབ་ཡོད་པ་རེད་ལ། འདོད་པ་དེ་ཡོད་པ་རེད། ངོས་ཀྱི་ངོས་ནས་ཀྱང་སྨོན་ལམ་དེ་རྒྱག་གི་ཡོད། ཁོང་ལ་ཚེ་རབས་མང་པོར་༸རྒྱལ་བ་རིན་པོ་ཆེའི་འཁྲིས་ལ་བསྡད་དེ་ཞབས་འདེགས་སྒྲུབ་པའི་སྨོན་ལམ་དང་སེམས་ཤུགས་ཡོད་པ་རེད། དེར་བརྟེན། དེ་ལྟ་བུའི་སྨོན་ལམ་སྟོབས་ཆེན་པོ་དེ་འགྲུབ་པར་ཚང་མས་སྐྱབས་འཇུག་གནང་རོགས་ཞུ་རྒྱུ་ཡིན། ཞེས་གསུངས་ཡོད་པ་དང་།
དེ་བཞིན་ཕྱི་ཚེས་ ༨ ཉིན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ས་གནས་སུ་ཡོད་འདུག་པས། ཁོང་གིས་གདུང་སེམས་མཉམ་སྐྱེད་ཞུས་པ་མ་ཟད། ཕྱི་ཚེས་ ༩ ཉིན་བཀའ་ཁྲི་ཟུར་པ་ཁོང་གི་སྐུ་ཕུང་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མས་བོད་ཀྱི་རྒྱལ་དར་སྒྲོན་གནང་ཡོད་འདུག་ལ། སྐབས་དེར་ཀ་སྦུག་ས་གནས་འགོ་འཛིན་ཚེ་བརྟན་དང་བདེ་སྲུང་ཟུང་དྲུང་འཇིགས་མེད་རྒྱ་མཚོ་ལྷན་བཅར་ཞུས་ཡོད་འདུག
གཞན་ཡང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ནས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གཅེན་པོ་རྒྱ་ལོ་དོན་གྲུབ་མཆོག་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོས་པར་གདུང་སེམས་མཉམ་སྐྱེད་ཞུ་ཡི་ཡོད། ཁོང་གི་སྐུ་ཚེ་ཧྲིལ་པོར་བོད་དོན་འཐབ་རྩོད་ཆེད་དུ་བཏང་བར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་། ཁོང་གི་མཛད་རྗེས་དེས་བོད་ཀྱི་བདེན་མཐའ་གསལ་སླད་ང་ཚོར་དྲང་བདེན་དང་རང་དབང་གི་འཐབ་རྩོད་བྱེད་པར་མུ་མཐུད་དུ་སེམས་ཤུགས་སྤེལ་ངེས་རེད། དམ་པ་ཁོང་གི་རྣམ་ཤེས་ལ་བར་ཆད་མི་ཡོང་བའི་སྨོན་ལམ་ཡོད། ཅེས་གསུངས་འདུག
ཕྱི་ཚེས་༩ ཉིན་སྲིད་ཟུར་བློ་བཟང་སེང་གེ་ནས་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་ལགས་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོ་བའི་གནས་ཚུལ་ཐོས་པར་བློ་ཕམ་ཆེན་པོ་བྱུང་། ཁོང་ནི་མི་ཚེ་ཧྲིལ་པོར་བོད་ཀྱི་རྩ་དོན་ཆེད་དུ་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་པ་ཞིག་ཡིན། ཁོང་གིས་བོད་ཀྱི་ལོ་རྒྱུས་ཀྱི་དཀའ་ཚེགས་ཆེ་ཤོས་ཀྱི་དུས་སྐབས་སུ་ནུས་པ་གལ་ཆེན་ཐོན་ཡོད། ངས་ཁོང་དང་ཐེངས་ཁ་ཤས་མཇལ་འཕྲད་བྱུང་བ་མ་ཟད། ཁོང་གིས་དོན་ཕན་ལྡན་པའི་ལམ་སྟོན་ཟབ་མོ་གནང་མྱོང་ཡོད། ཁོང་དགོངས་པ་རྫོགས་པར་གདུང་ཤུགས་དྲག་པོས་མྱ་ངན་ཞུ་ཞེས་ཁོང་སྒེར་གྱི་སྤྱི་ཚོགས་བརྒྱུད་ལམ་ཐོག་བཀོད་འདུག
ཕྱི་ཚེས་ཚེས་ ༡༠ སྔ་དྲོར་སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་ས་གནས་གནད་ཡོད་མི་སྣ་རྣམ་པ་དང་། གཞིས་ཆགས་དང་མཉམ་འབྲེལ་གཉིས་ཀྱི་ལས་བྱེད། ལྷོ་ཕྱོགས་རྩིས་ཞིབ་ལས་ཁུངས་ཀྱི་ལས་བྱེད་བཅས་ཚང་འཛོམས་ཐོག་སྦེལ་ཀོབ་གཞིས་སྤྱི་༧རྒྱལ་བའི་ཕོ་བྲང་དུ་འདས་མཆོད་སྨོན་ལམ་ཚོགས་ཡོད་འདུག་ལ།
ཕྱི་ཚེས་ ༩ ཉིན་ནིའུ་ཡོག་དང་ནིའུ་འཇར་སི་དང་། པོ་ཊི་ལན་ཌ། ཝན་ཁུ་ཝ་སྦི་སི། ཅི་ཀ་གྷོ། སྦོ་སི་ཊོན། མི་ནི་སོ་ཊ། རྒྱལ་སའི་མངའ་ཁུལ། གངས་ལྗོངས་ཆོས་ལྡན་གླིང་། ཝར་མོན་ཊ། ཨི་ཐི་ཀ། བྱང་ཀ་ལེ་ཕོ་ནི་ཡ་བཅས་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གིས་༸སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་སྐུ་གཤེགས་པར་མྱ་ངན་རྗེས་དྲན་དང་རྗེས་ཤུལ་ཉེ་འབྲེལ་ཡོངས་ལ་ཐུགས་གསོ་གནང་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བའི་ཐོག་འཁོད་འདུག
ཕྱི་ཚེས་ ༡༠ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དགེ་འདུན་པ་རྣམས་དབུ་བཞུགས་ཐོག་སྐུའི་གཅེན་པོ་ཁོང་གི་ཆེད་དུ་མཆོད་འབུལ་སྨོན་ལམ་འཚོག་བཞིན་འདུག་ལ། དེ་བཞིན་འཛམ་གླིང་ས་ཕྱོགས་གང་སར་ནས་བོད་མི་ཚོས་དམ་པ་ཁོང་ལ་མྱ་ངན་རྗེས་དྲན་ཞུས་དང་ཞུ་བཞིན་འདུག
སྐུའི་གཅེན་པོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་ནི་ཕྱི་ལོ་ ༡༩༢༨ ལོར་མདོ་སྨད་སྟག་འཚེར་དུ་སྐུ་འཁྲུངས་ཤིང་། ཁོང་ནི་བོད་ཀྱི་གནས་སྟངས་ཛ་དྲག་དང་གཉན་འཕྲང་སྐབས་ཀྱི་མི་སྣ་གྲགས་ཅན་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༨ དགོང་དྲོར་རྒྱ་གར་ཀ་སྦུག་གི་སྟག་འཚེར་གཟིམ་ཤག་ཏུ་དགོང་ལོ་ ༩༧ ཐོག་འདས་གྲོངས་སུ་སོང་བའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ལམ་བཟང་།