བཀའ་བློན་བདེ་སྐྱིད་ཆོས་དབྱངས་གློ་བུར་དུ་དགོངས་པ་ཞུས་འདུག

ཟླ་འདིའི་ཚེས་༢༨ ཉིན་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ཀྱིས་གློ་བུར་དུ་བཀའ་བློན་ནས་བློ་ཕམ་གྱི་སྒོ་ནས་རྩ་དགོངས་ཞུས་པ་ཡིན་ཞེས་གསལ་བསྒྲགས་སྤེལ་བ་དང་། ཕྱི་དྲོ་དེར་བཀའ་ཤག་གིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ། ཕྱི་དྲིལ་བཀའ་བློན་གྱི་འགན་གནས་སྐབས་སྲིད་སྐྱོང་གིས་ཁུར་རྒྱུ་ཡིན་པ་གསལ་བསྒྲགས་སྤེལ་སོང་།

lobsang_2_28གསར་འགོད་ལྷན་ཚོགས་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་ཕེབས་ཏེ། བཀའ་བློན་བདེ་སྐྱིད་ཆོས་དབྱངས་དེ་རིང་ཞོགས་པ་ངའི་ནང་དུ་ཡོང་ནས། ཁོང་བཀའ་བློན་ནས་དགོངས་པ་ཞུ་རྒྱུ་ཡིན་སྐོར་གསུངས་སོང་། ཞུ་དགོས་དོན་དེ་འོས་བསྡུ་ཆེན་མོ་འགྲོ་བཞིན་པའི་སྐབས་དེར། དེའི་ནང་ཁོང་གིས་མཉམ་ཞུགས་གནང་འདོད་ཡོད་པ་དང་། བཀའ་བློན་ལས་ཐོག་ནས་ལས་དོན་དེའི་རིགས་གནང་ཐུབ་མེད་པས། བཀའ་བློན་ནས་དགོངས་པ་ཞུས་ཏེ། ལས་དོན་དེ་གནང་རྒྱུ་ཡིན་སྐོར་གསུངས་སོང་ཞེས་འགྲེལ་བརྗོད་གནང་སོང་།

བཀའ་བློན་བདེ་སྐྱིད་ཆོས་དབྱངས་ཀྱིས་ཁོང་བློ་ཕམ་གྱིས་དགོངས་པ་ཞུས་པ་ཡིན་སྐོར་གསུངས་འདུག་ལ། དེའི་རྒྱུ་མཚན་ག་རེ་རེད་ཅེས་སྲིད་སྐྱོང་ལ་དྲིས་པར། སྲིད་སྐྱོང་གིས། “ཁོང་གིས་འོས་བསྡུའི་འགྲོ་སྟངས་དེར་བློ་ཕམ་ཡོད་སྐོར་གསུངས་སོང་”ཞེས་འགྲེལ་བརྗོད་གནང་སོང་།

བཀའ་ཤག་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དན། “༢༠༡༦ ལོའི་ཟླ་༢ ཚེས་༢༨ ཉིན་གྱི་སྔ་དྲོ་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གློ་བུར་བཀའ་བློན་གྱི་ལས་གནས་ནས་དགོངས་ཞུ་གནང་འདུག་པ་དང་། དགོངས་ཞུ་གནང་དགོས་པའི་རྒྱུ་མཚན་ཡིག་ཐོག་ཏུ་ང་རང་ཚོའི་མདུན་དུ་ལྷག་པའི་གནད་དོན་གལ་འགངས་ཆེ་བ་ཁག་གདོང་ལེན་གནང་བའི་ཆེད་དུ་ཡིན་སྐོར་དང་། ཞལ་ཐོག་ནས་བཀའ་བློན་ཡིན་མུས་ཐོག་ད་ལྟ་འགྲོ་བཞིན་པའི་འོས་བསྡུ་ཆེན་མོའི་བགྲོ་གླེང་ལས་རིམ་ཁག་ནང་མཉམ་ཞུགས་ཐུབ་པའི་ཆེད་དུ་ཡིན་སྐོར་དཔལ་ལྡན་སྲིད་སྐྱོང་མཆོག་སྙན་ཞུ་གནང་འདུག་ཅིང་། ད་ཉིན་ནས་གནས་སྐབས་ཆར་ཕྱི་དྲིལ་བཀའ་བློན་གྱི་མཛད་འགན་དཔལ་ལྡན་སྲིད་སྐྱོང་མཆོག་ནས་མཉམ་ལྕོགས་གནང་རྒྱུ་ཡིན་པ་རེད་”ཅེས་འཁོད་འདུག

dekyiབཀའ་བློན་བདེ་སྐྱིད་ཆོས་དབྱངས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་འཁོད་དོན། “བློ་ཕམ་གྱི་སྒོ་ནས་ཕྲན་རང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་གྱི་ལས་གནས་ནས་དགོངས་ཞུ་བྱས་པ་ཡིན། ཐག་གཅོད་འདི་ཕྲན་ནས་སྤྱི་པའི་རྩ་དོན་དང་། མ་འོངས་པར་ང་ཚོའི་མདུན་དུ་ལྷག་པའི་གནད་དོན་གལ་འགངས་ཆེ་བ་ཁག་གདོང་ལེན་བྱ་ཕྱོགས་བཅས་ལ་བསམ་ཞིབ་གཏིང་ཟབ་བཏང་ནས་བྱས་པ་ཡིན། ད་བར་བཀའ་བློན་གྱི་ལས་གནས་ཐོག་བོད་མི་མང་ལ་ཞབས་ཕྱི་ཞུ་རྒྱུའི་གོ་སྐབས་བྱུང་བ་ནི་ཧ་ཅང་སྐལ་བ་བཟང་པོར་བསམ་བཞིན་ཡོད། མཐའ་དོན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༧ཞབས་པད་བརྟན་ཅིང་ཐུགས་བཞེད་མ་ལུས་ལྷུན་གྱིས་འགྲུབ་པ་དང་། གཞིས་བཞུགས་བོད་རིགས་སྤུན་ཟླའི་རེ་འདུན་མངོན་འགྱུར་ཡོང་བའི་སྨོན་འདུན་ཞུ།” འཁོད་ཡོད་པ་རེད། ཁོང་གིས་རྒྱུ་མཚན་གང་ཡིན་སྐོར་གྱི་གསར་འགོད་པར་དྲི་བར་ལན་གནང་མེད་པ་དང་། ཉིན་དེར་རིང་ལ་དྷ་རམ་ས་ལས་གནས་ཕེབས་ཡོད་པ་རེད། སྲིད་སྤྱི་གཉིས་ཀྱི་མཐའ་མའི་འོས་བསྡུ་སླེབས་རྒྱུར་ཉིན་ཉི་ཤུ་མེད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།