བཀའ་ཟུར་བཀྲ་ཤིས་དབང་འདུས་ཀྱིས་སྲི་ཞུ་བ་རྣམས་ལས་མཚམས་བཞག་ནས་མཆོད་འབུལ་གནང་མི་དགོས་པའི་ཞལ་ཆེམས་བཞག་ཡོད་འདུག


ཟླ་འདིའི་ཕྱི་ཚེས་༡ ཉིན་དཔལ་འབྱོར་ལས་ཁུངས་ཕུད་པའི་ལྷན་ཁང་དྲུག་གི་བཀའ་བློན་གཙོས་པའི་ལས་གནས་འདྲ་མིན་ཐོག་བོད་མིིའི་སྒྲིག་འཛུགས་སུ་ཁྱོན་མི་ལོ་ ༤༠ ལྷག་རིང་སྲི་ཞུ་བསྒྲུབས་མྱོང་མཁན་བཀའ་ཟུར་བཀྲ་ཤིས་དབང་འདུས་འདས་གྲོངས་ཕྱིན་འདུག་པ་དང་། བོད་མི་མང་པོ་ཞིག་གིས་དྲྭ་ལམ་ནས་ཁོང་ལ་མྱ་ངན་ཞུ་བཞིན་འདུག

དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ཚེས་ ༢ ཉིན་ཁོང་གི་ཤུལ་ལུས་ནང་མི་ལྟོས་བཅས་ཡོངས་ལ་ཐུགས་གསོའི་འཕྲིན་ཡིག་ཅིག་བསྩལ་འདུག་པ་དང་། དེའི་ནང་དུ་འཁོད་དོན། ཕྱི་ལོ་ ༢༠༢༥ ཟླ་ ༥ ཚེས་ ༡ ཉིན་བཀའ་ཟུར་མཆོག་སྐུ་གཟུགས་བདེ་མིན་གྱིས་དགུང་གྲངས་ ༧༨ ཐོག་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝར་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། ཤིན་ཏུ་ཡིད་གདུང་དང་བློ་ཕམ་བྱུང་བའི་སྐོར་དང་། དམ་པ་ཁོང་གི་ཤུལ་ལུས་ནང་མི་ཉེ་འབྲེལ་ལྟོས་བཅས་རྣམས་ཐུགས་གསོ་གནང་ཞིང་། འདི་ནས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་ ༡༠ པར་སྤྱི་མཚུངས་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་བཞག་ཟིན་རྗེས་འབུལ་ལམ་ཞུ་རྒྱུ་ཡིན་པ་དང་། དམ་པ་ཁོང་གིས་བོད་བསྟན་སྲིད་མི་རིགས་དང་། བོད་མིའི་སྒྲིག་འཛུགས། བོད་རྒྱ་ཆེའི་མང་ཚོགས་བཅས་ཀྱི་དོན་དུ་ཞབས་ཞུ་མཐར་སོན་གནང་བར་བསྔགས་བརྗོད་བཅས་གནང་འདུག དེ་བཞིན་བོད་མིིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་བདེ་སྲུང་བཀའ་བློན་ནས་བདེ་སྲུང་ལས་ཁུངས་སུ་བཀའ་ཟུར་བཀྲ་ཤིས་དབང་འདུས་སྐུ་གྲོངས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་མྱ་ངན་དང་སྦྲགས། དམ་པ་ཁོང་གི་ཞལ་ཆེམས་ནང་སྲི་ཞུ་བ་རྣམས་ལས་མཚམས་བཞག་ནས་མཆོད་འབུལ་གནང་མི་དགོས་པར་གསུངས་ཡོད་འདུག་པས་དེ་ལྟར་གནང་རྒྱུ་ཡིན་པའི་གསལ་བསྒྲགས་གནང་སོང་། གཞན་ཡང་ལོ་སྔོན་མའི་ཕྱི་ཟླ་ ༦ ཚེས་ ༧ ཉིན་བཀའ་ཟུར་ཁོང་གིས་བརྩམས་པའི་ངའི་མི་ཚེ། བོད་རང་དབང་ལུང་པར་སྐྱེས། བཙན་བྱོལ་ནང་སྲི་ཞུ་བསྒྲུབས་ཞེས་པའི་དཔེ་དེབ་ཅིག་བོད་ཀྱི་དཔེ་མཛོད་ཁང་གིས་དཔར་དུ་བསྐྲུན་ཏེ་དབུ་འབྱེད་གནང་ཡོད་པ་རེད།
བཀའ་ཟུར་དམ་པ་བཀྲ་ཤིས་དབང་འདུས་ནི། རྒྱ་ནག་གིས་བོད་བཙན་བཟུང་བྱས་རྗེས་ནང་མི་ལྷན་དུ་ཨ་རུ་ན་ཅལ་བརྒྱུད་རྒྱ་གར་དུ་བྲོས་བྱོལ་ཕེབས་ཤིང་། དེ་རྗེས་མ་སུ་རིར་བཙན་བྱོལ་བོད་མིའི་སློབ་གྲྭ་དང་པོ་གསར་འཛུགས་སྐབས། ཁོང་སློབ་མ་དང་པོ་༥༠ གྲས་ཡིན་པ་དང་། དེར་དབྱིན་ཇི་དང་རྒྱ་གར་གྱི་སྐད་ཡིག་སློབ་སྦྱོང་གནང༌། དེ་རྗེས་དབྱིན་ཡུལ་དུ་ལོ་བཞིའི་རིང་སློབ་སྦྱོང་གི་ཆེད་དུ་ཕེབས། ༡༩༦༦ ནས་ནང་སྲིད་དང་ཤེས་རིག་ལས་ཁུངས་སོ་སོར་དབྱིན་དྲུང་གི་ཞབས་ཞུ་གནང༌། ༡༩༦༨ ནས་ ༡༩༧༣ བར་དབྱིན་ཡུལ་དུ་སློབ་གཉེར་གནང་སྟེ་སྲིད་དོན་དང་སྤྱི་ཚོགས་ཚན་རིག་ཐད་ཉེ་བའི་གཙུག་ལག་རབ་འབྱམས་པའི་ཕྱག་འཁྱེར་བཞེས། དེ་རྗེས་རྒྱ་གར་དུ་ཕྱིར་ཕེབས་ཏེ། ཕྱི་ལོ་ ༡༩༧༤ ལོར་ནང་སྲིད་ལས་ཁུངས་ཀྱི་རྒན་དྲུང་ནས་འགོ་བཙུགས་ཏེ་དྲུང་ཆེ་དང་དོན་གཅོད། དེ་བཞིན་ལྷན་ཁང་དྲུག་གི་བཀའ་བློན་གྱིས་མཚོན་ལས་གནས་འདྲ་མིན་ཐོག་ནས་མི་ལོ་བཞི་བཅུའི་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བསྒྲུབས་གནང་འདུག
གསར་འགོད་པ། བསྟན་འཛིན་ལམ་བཟང་།