བཀའ་ཟུར་ཞེ་བོ་བློ་བཟང་དར་རྒྱས་སྐུ་གྲོངས་པར་བོད་མིའི་སྒྲིག་འཛུགས་ནས་མྱ་ངན་ཞུས།
སྨན་རྩིས་ཁང་དང་སྣེ་ལེན་ཁང་གི་འགན་འཛིན། བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་དང་རྒྱ་ནག་ཞན་ཡང་མི་རིགས་སློབ་གྲྭའི་དགེ་རྒན་གནང་མྱོང་མཁན་ཁྲིམས་ཞིབ་པ་ཟུར་པ་དང་བཀའ་ཟུར་ཞེ་བོ་བློ་བཟང་དར་རྒྱས་ཨ་རི་ལ་སྐུ་གྲོངས་འདུག
ཟླ་འདིའི་ཚེས་༢༣ ་ཉིན་བཀའ་ཟུར་ཞེ་བོ་བློ་བཟང་དར་རྒྱས་ཨ་རིར་སྐུ་གྲོངས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་དང་། ཟླ་འདིའི་ཚེས་༢༥ ་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཀྱིས་དམ་པ་ཁོང་གི་ལོ་རྒྱུས་སྒྲོགས་སྦྱོང་དང་བསྔོ་སྨོན་གསུང་འདོན། མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེད་མཚོན་སླད་ཉིན་རྒྱབ་ཆུ་ཚོད་༣ ནང་དབུས་ཀྱི་ལས་ཁུངས་ཁག་ལས་མཚམས་བཞག་ཡོད་འདུག
ཞེ་བོ་བློ་བཟང་དར་རྒྱས་ནི་ཕྱི་ལོ་༡༩༣༢ ལོར་གཞིས་རྩེ་རྫོང་ཤངས་རྣམ་གླིང་དུ་འཁྲུངས་ཤིང་། དགུང་ལོ་༢༠ ཕེབས་སྐབས་གཞུང་ཞབས་ཁོངས་སུ་འཛུལ་ཞུགས་ཀྱིས་ཕྱི་ལོ་༡༩༥༣ ལོར་ཤངས་རྒྱ་མཚོའི་གཞིས་སྡོད་དང་ཕྱི་ལོ་༡༩༥༤ ལོར་ལྷུན་རྩེ་རྫོང་སྡོད། ཕྱི་ལོ་༡༩༥༦ ལོར་ལྷོ་ཁ་སྤྱི་ཁྱབ་རིམ་པའི་དོན་གཅོད་ཁང་གི་ཞིང་འབྲོག་ཚན་པའི་འགན་འཛིན་གཞོན་པ་བཅས་ཀྱི་འགན་འཁུར་རིམ་པར་བཞེས་རྗེས། ཕྱི་ལོ་༡༩༥༩ ལོར་རྒྱ་དམར་གྱིས་འཛིན་བཟུང་ཐོག་ཀན་སུའུ་ཅིའུ་ཆོན་དང་ལྷ་ས་གྲ་བཞི་སོགས་སུ་ལོ་བཅོ་ལྔའི་རིང་བཙོན་འཇུག་བྱས། ཕྱི་ལོ་༡༩༧༤ ལོར་བཙོན་གྲོལ་རྗེས་ལས་མིའི་རུ་ཁག་ཟེར་བའི་གྲས་སུ་བཅུག ཕྱི་ལོ་༡༩༧༨ ལོར་རྒྱ་ནག་ཞན་ཡང་མི་རིགས་སློབ་གྲྭའི་དགེ་རྒན་གནང་བ་དང་། ཕྱི་ལོ་༡༩༨༢ ལོར་ལས་བསྒྱུར་གྱིས་བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་གྱི་ཕྱག་ལས་གནང་།
ཕྱི་ལོ་༡༩༨༥ ལོར་རྒྱ་གར་ལ་གཉེན་འཕྲད་དུ་ཕེབས་ནས་སླར་ཡང་གཞུང་ཞབས་སུ་འཛུལ་ཞུགས་ཀྱིས། ཐོག་མར་བཀའ་དྲུང་ཡིག་ཚང་དུ་ཕྱག་ལས་གནང་བ་དང་། ཕྱི་ལོ་༡༩༨༦ ་ལོར་དྲིལ་བསྒྲགས་བཀའ་བློན་ཕྱག་རོགས་ལ་བསྐོ་གཞག་དང་། ཕྱི་ལོ་༡༩༨༩ ལོར་དྲིལ་བསྒྲགས་བཀའ་བློན་དུ་བསྐོ་གཞག་བསྩལ་འདུག
ཕྱི་ལོ་༡༩༩༠ ཟླ་༥ ཚེས་༡༩ ་ཉིན་སྨན་རྩིས་ཁང་གི་འགན་འཛིན་དང་སྣེ་ལེན་ཁང་གི་འགན་འཛིན་གཅིག་ལྕོགས་གནང་། ཕྱི་ལོ་༡༩༩༥ ཟླ་༧ ཚེས་༣ ཉིན་ཤེས་རིག་རྩོམ་སྒྲིག་འགན་འཛིན་དུ་བསྐོ་གཞག་གནང་བའི་ཞོར་དུ་དོལ་རྒྱལ་ཞིབ་འཇུག་ཚོགས་ཆུང་གི་ཚོགས་གཙོ་གནང་། ཕྱི་ལོ་༡༩༩༧ ཟླ་༡ ཚེས་༢༩ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་མཛད་ཁུར་དམ་འབུལ་བཞེས་ཤིང་། ཕྱི་ལོ་ ༡༩༩༩ ཟླ་༢ ཚེས་༡༧ ཉིན་དགུང་ནའི་བབ་ཀྱིས་བགྲེས་ཡོལ་དུ་ཕེབས། ཕྱི་ལོ་༢༠༢༤ ཟླ་༡༠ ཚེས་༢༣ ཉིན་ཨ་རིའི་ཕི་ལ་ཊལ་ཕི་ཡར་ (Pheladelphia) གཟིམ་ཤག་ཏུ་སྐུ་ཚེའི་འཕེན་པ་རྫོགས་ཡོད་འདུག།།
གསར་འགོད་པ། བློ་བཟང་རྒྱ་མཚོ།