བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ཀྱིས་ཁོང་སྲིད་སྐྱོང་དངོས་གཞིའི་འོས་མིར་ཞུགས་རྒྱུ་ཡིན་སྐོར་གསུངས་འདུག

 བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ཀྱིས་ཁོང་ལ་ཐོག་མའི་ཆ་ནས་སྲིད་སྐྱོང་གི་འོས་མིར་ལང་རྒྱུའི་བསམ་བློ་རྩ་བ་ཉིད་ནས་མེད་ཀྱང་། མང་ཚོགས་ཀྱི་རེ་བ་ཞུས་པར་“རྩིས་མེད་གཏོང་མ་ཤེས་པར་“མ་འོངས་པའི་དངོས་གཞིའི་འོས་ནང་ནས་ཕྱིར་འཐེན་ཞུ་ཡི་མིན་”ཞེས་གསུངས་འདུག

བཙན་བྱོལ་བོད་མིའི་སྤྱི་ཚོགས་དྲ་ལམ་ཁག་ཏུ། དངོས་སུ་༢༠༢༡ ལོའི་སྲིད་སྐྱོང་འོས་མིར་ལང་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ཟིན་པའི་འོས་མི་ཚོའི་མིང་གཞུང་ཁྲོད་དུ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ཀྱི་མིང་དང་པར་ཁྱབ་བསྒྲགས་བྱེད་ཀྱི་ཡོད་ན་ཡང་། ཁོང་གིས་ད་བར་དངོས་སུ་བརྒྱུད་ལམ་ཁག་ཏུ་ཁོང་ལོ་རྗེས་མའི་སྲིད་སྐྱོང་འོས་བསྡུ་ཆེན་མོའི་ནང་ཞུགས་ཀྱི་ཡིན་པའི་གསལ་བསྒྲགས་སྤེལ་མེད་པ་རེད། 

ཕྱི་ཟླ་༩ ཚེས་༨ ཉིན་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་ནས་གནས་ཚུལ་དེ་དང་འབྲེལ་བའི་ཐད་ཁོང་ལ་བཅར་འདྲི་ཞིག་ཞུས་པའི་ནང་། ཁོང་ལ་དེ་སྔོན་སྲིད་སྐྱོང་འོས་མིའི་ནང་ཞུགས་རྒྱུའི་བསམ་བློ་མེད་ཀྱང་། “བར་ལམ་ཞིག་ནས་ལོ་གཞུག་མའི་སྲིད་སྐྱོང་གི་འོས་ནང་སྡོད་རོགས་ཟེར་ནས་ལབ་མཁན་སྐྱ་སེར་ཕོ་མོ་རྒན་གཞོན་བར་གསུམ་ནས་ཡོང་གི་ཡོད་”པར་བརྟེན། ཁོང་དངོས་གཞིའི་འོས་བསྡུའི་ནང་ཞུགས་རྒྱུའི་ཐག་ཆོད་བྱུང་ཚུལ་གསུངས་འདུག 

ཁོང་དངོས་གཞིའི་འོས་བསྡུའི་ནང་ཞུགས་རྒྱུའི་ཐག་ཆོད་བྱུང་འདུག་ན་ཡང་། ཁོང་གིས་དྲིལ་བསྒྲགས་དང་བགྲོ་གླེང་གནང་རྒྱུའི་འཆར་གཞི་མེད་སྐོར་གསུངས་འདུག་སྟེ། བཅར་འདྲི་དེའི་ནང་ཁོང་གིས་“གཞི་རྩའི་[ཆ་ནས་]ངས་དངོས་གཞིའི་ནང་སྡོད་པའི་ཁས་ལེན་བྱས་པ་རེད། ཡིན་ན་ཡང་། ང་ས་གནས་ས་ཐོག་ལ་མར་དངོས་སུ་ཕྱིན་ནས་ཁྱབ་བསྒྲགས་བྱེད། གཏམ་བཤད་བྱེད། འགྲན་རྩོད་ནང་ལ་ཞུགས་རྒྱུ་དེ་འདྲ་རྩ་བ་ཉིད་ནས་བྱེད་རྩིས་མེད་”ཅེས་གསུངས་འདུག

ཁོང་གིས་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་ཡ་རབས་བཟང་སྤྱོད་དང་འགལ་ཞིང་ཚད་ལས་ནས་འདས་པའི་དྲིལ་བསྒྲགས་མི་བྱེད་པ་དང་། འོས་མི་ཚང་མ་བོད་སྤྱི་པའི་དོན་ལ་གང་དགའ་བྱེད་བསམ་པ་ཞིག་མ་གཏོགས་སྒེར་དང་ཚོགས་པ་བྱེ་བྲག་པའི་ལྟ་གྲུབ་ཀྱི་ཁེ་ཕན་རྩོད་མཁན་ཞིག་མ་ཡིན་པས། ཁོང་རྣམ་པར་སྐྱོན་འདོགས་དང་ཟུར་ཟ་མི་བྱེད་པའི་སྐུལ་མ་གནང་འདུག 

བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ཀྱིས་ད་ལྟའི་ཆར་ལྡི་ལི་སྐུ་ཚབ་དོན་གཅོད་ཀྱི་ཐུགས་འགན་བཞེས་ཀྱིན་ཡོད། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།