བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་སྲིད་སྐྱོང་ལ་འོས་པ་གང་ཡིན་ནམ།
བསྟན་འཛིན་དོན་ལྡན།
༄༅། ། སྐབས་དེར་ང་སློབ་གྲྭར་སློབ་བཞིན་པའི་སྐབས་སུ་ཡིན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སློབ་གྲྭ་དེར་ཆིབས་བསྒྱུར་ཐེངས་མང་བསྐྱངས་ཡོད། རྒྱུན་ལྡན་ནས་ཆིབས་བསྒྱུར་བསྐྱང་རྒྱུའི་ཉིན་ཤས་སྔོན་དུ་སྐུ་ངོ་དངོས་གྲུབ་ལགས་ཀྱིས་གཙོས་བདེ་སྲུང་གི་ལས་བྱེད་ཁ་ཤས་སྲུང་སྐྱོབ་སོགས་ཀྱི་གྲ་སྒྲིག་ཆེད་ཕེབས་ཀྱི་འདུག ང་ཡང་སློབ་ཕྲུག་ཆུང་བའི་གྲས་ཡིན་རུང་༧གོང་ས་མཆོག་གི་དྭང་བླངས་སྐུ་སྲུང་གྲས་ཞབས་འདེགས་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་པས་སྐུ་ངོ་དངོས་གྲུབ་ལགས་ཀྱིས་སྲུང་སྐྱོབ་དང་འབྲེལ་བའི་ལས་དོན་ལ་ཇི་ཙམ་ཞིབ་ཚགས་གནང་བ་དང་། མི་དང་མིའི་དབར་གྱི་འབྲེལ་བ་གནང་སྟངས་སོགས་ལས་ཁོང་མི་ཚད་ལྡན་ཞིག་ཡིན་པའི་བག་ཆགས་ཟབ་མོ་བཞག་བྱུང་། ཁོང་ཧ་ཅང་དམན་ས་འཛིན་མཁན་ཞིག་ཡིན་པས་ང་སློབ་ཕྲུག་ཆུང་གྲས་ཡིན་ཡང་ཧ་ཅང་བྱེད་སྟབས་བདེ་པོ་ཡོད། ཁོང་དེ་དུས་ལོ་ན་གཞོན་ཞིང་། བདེ་སྲུང་དྲུང་ཆེ་མིན་ཡང་འགན་འཁྱེར་མཁན་གྲས་རེད་འདུག དེ་ནས་ངས་ཁོང་ངོ་ཤེས་མགོ་ཚུགས་པ་རེད།
རྗེས་སུ་ང་བཞུགས་སྒར་རྡ་རམ་ས་ལར་འབྱོར་སྐབས་སྐུ་ངོ་དངོས་གྲུབ་མཆོག་བདེ་སྲུང་དྲུང་ཆེ་ཆགས་ཟིན་འདུག དེ་ནས་རིམ་པས་སྐུ་ངོ་མཆོག་བཀའ་བློན་དུའང་བསྐོ་གཞག་བྱུང་སོང་། ཁོང་གིས་བོད་ནས་ཕེབས་པའི་ཆབ་སྲིད་བཙོན་ཟུར་སོགས་ལ་ཇི་ཙམ་གཟིགས་རྟོག་ཡག་པོ་གནང་བ་དང་། བོད་ཀྱི་གནས་སྟངས་ཐོག་ཇི་ཙམ་མཁྱེན་ཟབ་ཡོད་པ། ༧གོང་ས་མཆོག་གི་སྐུ་ཕྱྭའི་ཐོག་རྒྱ་གར་གཞུང་དང་འབྲེལ་བ་ཇི་ཙམ་ཟབ་པོ་ཡོད་པ། འདུག་སེ་བལྟས་ན་ཉམ་ཆུང་ཡོད་ཀྱང་འགག་ལ་ཐུག་དུས་མདུན་དུ་ཐོན་ཐུབ་པ་སོགས་རིམ་པས་ཤེས་རྟོགས་བྱུང་།
དཔེ་མཚོན་འགའ་ཞིག་ཞུ་ན། ཆབ་སྲིད་བཙོན་ཟུར་སོགས་ཨོ་སི་ཀྲི་ལི་ཡར་གཞིས་ཆགས་གཏོང་རྒྱུའི་ལས་འཆར་དང་། བོད་ནས་རྒྱ་གར་དུ་ཁྲིམས་མཐུན་ཕེབས་ཆོག་པ་མ་ཟད། རྒྱ་གར་དུ་གནས་སྡོད་སྐྱབས་བཅོལ་ལག་དེབ་ཆེད་བལ་ཡུལ་གྱི་རྒྱ་གར་གཞུང་ཚབ་ཁང་ནས་རྒྱ་གར་ནང་འཛུལ་ཞུགས་ཆོག་པའི་བཀའ་ཁྲོལ་འཐོབ་རྒྱུ་སོགས་ལ་སྐུ་ངལ་ཇི་ཙམ་བསྐྱོན་ཡོད་པ་མང་པོ་ཞིག་གིས་མཁྱེན་གྱི་ཨེ་ཡོད་སྙམ། དེ་བཞིན་ཁོང་ནི་བོད་ནང་གི་གནས་སྟངས་ཐོག་ཧ་ཅང་མཁྱེན་པ་རྒྱས་ཤིང་། བོད་ནང་གི་གནས་ཚུལ་མཁོ་སྒྲུབ་ལ་བྱང་ཆུབ་པ་མ་ཟད། ཕྱོགས་ཡོངས་ཀྱི་གནས་སྟངས་ལ་རྟོག་ཞིབ་ནན་ཟབ་གནང་ཐུབ་མཁན་ཞིག་ཡིན། ལྷག་པར་དུ་བོད་དང་རྒྱ་ནག་གི་གནས་སྟངས་ཐོག་ཇི་ཙམ་མཁྱེན་མིན་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་སོགས་སུ་གསལ་པོ་ཡོང་གི་ཡོད། དེ་སྔ་ཁོང་བདེ་སྲུང་དྲུང་ཆེ་དང་བཀའ་བློན་ཡིན་སྐབས་༧གོང་ས་མཆོག་གི་སྐུ་ཕྱྭ་དང་འབྲེལ་བའི་རྒྱ་གར་གཞུང་གི་དཔོན་རིགས་དང་འབྲེལ་བ་དམ་ཟབ་ཡོད་པ་དང་། དེང་སྐབས་ལྡི་ལི་སྐུ་ཚབ་དོན་གཅོད་ཡིན་པས་རྒྱ་གར་གྱི་གནད་ཡོད་མཛད་གཙོ་རྣམ་པ་དང་འབྲེལ་བ་རིམ་བྱུང་ལས་ཁོང་ཚོས་སྐུ་ངོ་དངོས་གྲུབ་མཆོག་ལ་ཧ་ཅང་ཡིད་ཆེས་བློས་འགེལ་དང་མི་ཚད་ལྡན་ཞིག་ཏུ་གཟིགས་པ་མ་ཟད། བཙན་བྱོལ་གཞུང་གི་ད་ལྟའི་མཛད་གཙོ་རྣམ་པའི་ཁྲོད་ནས་གདེང་འཇོག་ཆེ་ཤོས་གནང་ས་ཞིག་ཡིན་པའང་ངས་གསལ་པོ་ཤེས་ཀྱི་ཡོད། ལྷག་པར་དུ་ལྡི་ལི་སྐུ་ཚབ་དོན་གཅོད་ཀྱིས་འབྲེལ་བ་གནང་ས་གཙོ་བོ་དེ་རྒྱ་གར་གཞུང་གི་ཕྱི་སྲིད་ལས་ཁུངས་ཡིན་པ་དང་། དེ་བཞིན་ལྡི་ལི་སྐུ་ཚབ་དོན་གཅོད་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་འཛམ་བུ་གླིང་གི་རྒྱལ་ཁབ་ཚང་མའི་གཞུང་ཚབ་ཁང་དང་འབྲེལ་བ་ཡང་ཡང་ཡོང་མུས་སོགས་མང་པོ་ཞིག་གིས་དེ་ཙམ་ཡང་ཤེས་ཀྱི་ཡོད་ཚོད་མི་འདུག དེར་བརྟེན་སྐུ་ངོ་དངོས་གྲུབ་མཆོག་ཕྱི་སྲིད་ཐོག་ཏུ་གང་འདྲ་ཡིན་ནམ་སྙམ་པའི་ཐེ་ཚོམས་གནང་མཁན་ཁ་ཤས་ཡོང་བའང་གནས་ཚུལ་དེར་ཐུག་པ་རེད། དེ་ནས་འགག་ལ་ཐུག་དུས་མདུན་ལ་ཐོན་པ་ནི་གྲོས་ཚོགས་སུ་དོལ་རྒྱལ་དང་འབྲེལ་བའི་ཐོག་གསལ་པོ་ཇི་ཙམ་བཟོས་ཡོད་པ་སོགས་ལས་གསལ་པོ་ཆགས་ཡོད། དེ་བཞིན་གཞན་གྱིས་བཀའ་བློན་མཉམ་འདུས་ཀྱི་འགན་ཁུར་ཚུལ་བཞིན་མ་ཐེག་པར་བྱུང་ཚེ་རི་བོང་རྡོ་བརྫུས་ལྟ་བུ་མ་བཞུགས་པར་ལྟ་གྲུབ་དང་བཟང་སྤྱོད་ལྡན་པའི་ཐོག་ནས་བཀའ་བློན་གྱི་གོ་གནས་ཀྱང་ཅམ་བཞག་ཐུབ་པ་སོགས་གནས་ཚུལ་བརྗོད་ཀྱིས་མི་ལངས་པ་ཡོད་རུང་། མང་པོ་ཞིག་གིས་ཤེས་ཀྱི་ཡོད་ཀྱང་ཤེས་ཀྱི་མེད་མདོག་གིས་བཞུགས་པ་དང་། ཡང་མང་པོ་ཞིག་ལ་ནི་ཐུགས་ཁག་མེད་བཟོ་འདུག གང་ལ་ཟེར་ན། ཁོང་ནི་ངས་འཇོན་ཡོད། ངས་བཏང་ཡོད་ཅེས་གསུང་མཁན་ཞིག་གཏན་ནས་མ་རེད། ཁོང་ལ་ནི་ལས་དོན་གྱི་གྲུབ་འབྲས་གཙོ་བོ་ཡིན་པ་ལས། བྱེད་མཁན་སུ་ཡིན་ལ་ཁྱད་པར་མེད་པ་ནི་ལས་དོན་གྱི་བརྒྱུད་རིམ་མང་པོ་ནས་མངོན་པར་གསལ་ཟིན་པ་རེད། ད་དུང་གནས་ཚུལ་གཞན་ཞིག་ཞུ་ན་བཙན་བྱོལ་བོད་གཞུང་གི་བཀའ་བློན་ལས་ཁུངས་མང་པོ་ཡོད་ཀྱང་། བདེ་སྲུང་ལས་ཁུངས་ཀྱི་ལས་བྱེད་ཆེ་ཕྲ་མཐའ་དག་གིས་ཇི་ཙམ་སྐུ་ངོ་དངོས་གྲུབ་མཆོག་ལ་གཏིང་ནས་གུས་ཞབས་དང་བརྩི་བཀུར་ཞུ་བ་བཀའ་བློན་ལས་ཁུངས་གཞན་དུ་མཐོང་རྒྱུ་མེད་པ་ང་རང་ལ་ཚོར་སྣང་ཡང་ཡང་ཡོང་གི་ཡོད། དེས་ན་ཁོང་རྒྱུན་ལྡན་དྲིལ་བསྒྲགས་ཀྱི་རྗེས་སུ་མི་རྒྱུག་པར་ཧ་ཅང་ཁ་ཁུ་སིམ་མེར་ཕྱག་ལས་གནང་མཁན་ཞིག་ཡིན་པས་མང་པོ་ཞིག་གིས་ངོ་ཤེས་ཀྱི་མེད་པར་དྭོགས་ཏེ་ང་རང་གིས་དངོས་སུ་ཤེས་པའི་དཔེ་མཚོན་འགའ་ཞིག་ཞུས་པ་ཡིན།
དེང་སང་ང་ཚོས་ཕྱིའི་མཐོང་སྣང་ངམ་ཕྱི་ཚུལ་ལ་གཙོ་ཆེར་བྱེད་པ་མ་གཏོགས། དོན་དུ་ཕྱོགས་ཡོངས་ནས་བསམ་བློ་གཏོང་ཐུབ་མཁན་ད་ཆ་ང་ཚོའི་སྤྱི་ཚོགས་ནང་དཀོན་སེ་ཆགས་འདུག དཔེ་མཚོན་ཞིག་ཞུ་ན། སྐུ་ངོ་དངོས་གྲུབ་མཆོག་གི་དགོངས་པ་བཞེས་ཕྱོགས་དང་ལས་དོན་གནང་ཕྱོགས་ལ་མ་གཟིགས་པར་གསུང་སྐད་ཡག་པོ་མེད་པ་ཙམ་ལ་བཟུང་སྟེ་དགག་པ་བྱེད་པ་ནི་ཅོལ་ཆུང་མིན་ན་གང་རེད། ངས་ང་ཚོའི་བཙན་བྱོལ་སྤྱི་ཚོགས་སྦར་བ་གང་ལས་མེད་པའི་ནང་ང་ཡིན་ཟེར་མཁན་ཚང་མའི་ཐོག་ཏུ་བསམ་བློ་ཞིབ་ཕྲ་བཏང་བ་ཡིན། ལྷག་པར་དུ་ཁོང་ཚོའི་རྒྱུན་ལྡན་ལས་དོན་གནང་ཕྱོགས་དང་དགོངས་པ་བཞེས་ཕྱོགས། ཐ་ན་མི་དང་མིའི་དབར་གྱི་འབྲེལ་བ་གནང་སྟངས་སོགས་ཀྱི་ཀུན་སྤྱོད་རྣམས་ང་རྡ་སའི་ཁོར་ཡུག་ནང་ཡོད་པས་གསལ་པོ་གསལ་རྐྱང་ཤེས་ཀྱི་ཡོད། དེས་ན་ང་ནི་མིག་ལྡན་གཡང་མཆོང་བྱེད་འདོད་རྩ་བ་ནས་མེད། གང་ལ་ཞེ་ན། ད་ལྟ་༧གོང་ས་མཆོག་གི་དགུང་ནའི་བབ་དང་། ད་ལྟའི་བོད་ནང་གི་གནས་སྟངས་ཉག་ཕྲ་པོ། བཙན་བྱོལ་བོད་མིའི་གནས་སྟངས་ཁ་ཐོར་དགུ་ཐོར་སོགས་ལ་བརྟེན། སྲིད་སྐྱོང་ལ་མི་ཡག་པོ་ཞིག་དགོས་པ་མེད་དུ་མི་རུང་བ་རེད། ད་ཆ་ང་ཚོ་ལ་༧གོང་ས་མཆོག་གི་དགོངས་བཞེད་རྣམས་ཁ་ཞེ་གཉིས་མེད་ཀྱིས་སྙིང་དབུས་སུ་བཅངས་ཏེ་ཉམ་ཆུང་ལས་དོན་གནང་མཁན་ཞིག་དགོས་ཀྱི་འདུག གལ་ཏེ་སྤྱི་པའི་སྒྲིག་འཛུགས་དེ་སྲ་ཐག་ཐག་བྱུང་ན་ཆོལ་ཁ་གསུམ་གར་ཕན་ཐོགས་ཡོང་རྒྱུ་ལས། ཆོལ་ཁ་ཞིག་ཟུར་དུ་ལྷག་རྒྱུ་ཞིག་མེད།
སྤྱིར་བཏང་ནས་དེང་སང་གི་བོད་མི་རྒན་གཞོན་ཕལ་ཆེ་བས་རང་གི་རྣམ་དཔྱོད་བེད་སྤྱོད་བྱེད་རྒྱུ་དེ་མཚམས་བཞག་ཚར་བ་ལྟ་བུ་མཐོང་གི་འདུག ཁོང་ཚོ་ལ་ཕྱི་རྫིག་པོ་དང་མགོ་བདེ་དྲན་འཕྲུལ་ཡོད་པ་ཙམ་གྱིས་འགྲིགས་ཀྱི་འདུག་ལ། ཡང་ན་ནི་ཆོལ་ཁ་གཅིག་པ་ཞིག་དགོས་ཀྱི་འདུག ཁོང་ཚོ་ལ་མི་དྲང་པོ་དང། ལྷག་བསམ་ཅན། བོད་སྤྱི་པའི་དོན་དུ་བསམ་མཁན་ཞིག་ནམ་ཡང་དགོས་ཀྱི་མི་འདུག ང་ཚོའི་བསམ་བློའི་གནས་ཚད་དེ་ཇི་ཙམ་ཟག་ཚར་བ་དེ་ནས་དཔོག་ཐུབ། ཡ་མཚན་པ་ཞིག་ལ་བླ་མ་དགེ་བཤེས་ཀྱི་མིང་ཆེན་པོ་ཡོད་པ་དང་མཁས་པའི་མིང་ཡོད་པ་དེ་དག་གི་ནང་དུའང་ཆོལ་ཁའི་ཞེན་ཁོག་གི་དྲི་ངན་གྱིས་ཁྱབ་པ་ད་ཆ་ཇེ་གསལ་དུ་འགྲོ་གི་འདུག སོ་སོའི་ཆོལ་ཞེན་སྐམ་པོ་བློས་གཏོང་མ་ཐུབ་པ་དེ་ཚོས་རྒྱ་ནག་གཞུང་ལ་ཁ་གཏད་ཇི་ལྟར་གཅོག་ཐུབ་བམ། སོ་སོའི་སྤྱི་ཚོགས་ཆུང་ངུ་དེའང་སྲ་ཐག་ཐག་ཅིག་བཟོ་མི་ཐུབ་ན་རང་དབང་བསྐྱར་གསོ་བྱེད་རྒྱུ་ནི་རྨི་ལམ་རང་རེད། ཞེན་ཁོག་སྐམ་པོ་དེས་ད་བར་སྤྱི་ཚོགས་ལ་གནོད་སྐྱོན་མ་གཏོགས་ཕན་ཐོགས་བསྒྲུབས་མེད་པ་ཤེས་བཞིན་དུ་ད་དུང་དེ་ལ་ཤི་འཐམ་རོ་འཐམ་བྱེད་པ་མཐོང་དུས་དངོས་གནས་ཧང་སངས་ཀྱི་འདུག་ལ། བློ་ཕམ་ཡང་ཡོང་གི་འདུག ཡིན་ནའང་བྱེད་ཐབས་གང་ཡང་མི་འདུག
དེས་ན་གང་བཤད་ཀྱང་རུང་མ་བཤད་ཀྱང་རུང་ད་ལྟ་༧གོང་ས་མཆོག་སྐུ་འཚོ་བཞུགས་ཡིན་པའི་སྐབས་སུ་ང་ཚོས་རིག་པ་མ་བསྒྲིམ་ན་རྗེས་སུ་གང་ཡང་ཡོང་རྒྱུ་མེད་པ་དེ་ང་ཚོ་ཚང་མས་གསལ་པོ་མཐོང་གི་ཡོད། གང་ལྟར་༧གོང་ས་མཆོག་སྐུ་འཚོ་བཞུགས་སྐབས་བོད་ཀྱི་གནད་དོན་ལ་ཐག་ཆོད་ཅིག་མ་བྱུང་ན་ང་ཚོའི་ཁ་སྟབས་དེས་འབོ་ལུག་རྒྱུ་ཡིན་པ་ཉག་གཅིག་རེད། སོ་སོས་སོ་སོར་མཛུབ་མོ་ཞིག་བཙུགས་ཏེ། ང་ཚོས་ཉིན་གཅིག་གི་ཚོུད་ ༢༤ ནང་བོད་སྤྱིའི་དོན་དུ་བསམ་བློ་ག་ཚོད་གཏོང་གི་འདུག་བསམ་བློ་ཞིག་ཐོངས་དང་། གཞི་ནས་སོ་སོའི་གནས་སྟངས་དེ་གསལ་པོ་ཤེས་ཀྱི་རེད། དེར་བརྟེན་ད་ནི་ང་ཚོ་ལ་འཕྲོ་བརླག་གཏོང་རྒྱུའི་དུས་ཚོད་མེད་ལ། ཕྱོགས་ལྷུང་འཐེན་འཁྱེར་གྱི་ཐོག་ནས་བོད་མི་ཕན་ཚུན་དབར་སྐྱོན་བརྗོད་དམའ་འབེབས་བྱེད་རྒྱུའི་གནས་སྟངས་ཀྱང་ལྷག་མེད།
གོང་ཞུས་ཀྱི་གནས་ཚུལ་དེ་དག་ལ་བརྟེན་ནས་སྲིད་སྐྱོང་ལ་མི་ཡག་པོ་ཞིག་དགོས་ངེས་ཆགས་ཡོད། དེ་ལྟ་བུའི་སྲིད་སྐྱོང་གི་འོས་ཆོས་གལ་ཆེ་བ་ནི་༧གོང་ས་མཆོག་གི་དགོངས་བཞེད་རྣམས་གསལ་རྟོགས་ཀྱིས་དེ་དག་ལམ་སྟོན་གྱི་ཚུལ་དུ་བསྣམ་ཐུབ་མཁན་དང་། གཞིས་བྱེས་བོད་མིའི་ཡིད་ཆེས་བློས་འགེལ་ཐུབ་པ། གནས་ཚང་རྒྱ་གར་གཞུང་དང་འབྲེལ་བ་དམ་ཟབ་ཡོད་པ། བཙན་བྱོལ་སྤྱི་ཚོགས་རུག་རུག་བཟོ་ཐུབ་མཁན་ཞིག་དགོས་པར་བརྟེན། ཁྱད་ཆོས་དེ་དག་ནི་སྐུ་ངོ་དངོས་གྲུབ་མཆོག་ལ་མ་གཏོགས་མེད་པ་རྒྱུ་མཚན་ཡང་དག་ཐོག་ནས་བསམ་བློ་གཏང་ན་གསལ་པོ་གསལ་རྐྱང་རེད། གནས་ཚུལ་དེ་འདྲའི་ཐོག་ནས་ཞིབ་ཏུ་བསམ་སྐབས་གཞི་ནས་སྐུ་ངོ་དངོས་གྲུབ་མཆོག་མ་གཏོགས་མེད་པ་རྭ་འཕྲོད་གསལ་པོ་ཡོང་གི་འདུག
ཁོང་གིས་ཉེ་ཆར་སྲིད་སྐྱོང་གི་འོས་མིའི་ནང་བཞུགས་རྒྱུའི་ཐོག་གསར་འགོད་པས་བཅར་འདྲི་ཞུས་པའི་ལན་འདེབས་ལ་ཐུགས་སྣང་གནང་ན་ཁོང་མི་ཅི་འདྲ་ཞིག་ཡིན་པ་གསལ་རྟོགས་ཐུབ་ངེས། དེའི་ནང་དོན་དག་རྡོག་རྡོག་གསུམ་གསུངས་འདུག བོད་ཕྱི་ནང་གི་ཞུ་མཁན་མང་པོའི་རེ་འདུན་ལ་བརྩི་བཀུར་ཞུས་ཏེ་དངོས་གཞིའི་འོས་མིའི་ནང་སླེབས་ན་ཕྱིར་འཐེན་ཞུ་རྒྱུ་མིན་པ་དང་། འོས་ཤོག་ཆེད་ས་གནས་ས་ཐོག་ལ་བསྐྱོད་དེ་གཏམ་བཤད་དང་དྲིལ་བསྒྲགས་སོགས་གནང་རྒྱུ་མིན་པ། ཁོང་ལ་རྒྱབ་སྐྱོར་བྱེད་མཁན་རྣམས་ལ་འོས་མི་གཞན་ལ་སྐྱོན་འདོགས་དམའ་འབེབས་དང་ཟུར་ཟ་སོགས་རྩ་བ་ནས་མི་གནང་བའི་རེ་སྐུལ་གནང་འདུག གནས་ཚུལ་དེ་གསུམ་ལས་ཁོང་གིས་རང་གི་ལྟ་གྲུབ་དེ་གསལ་སྟོན་གནང་ཡོད་ལ། དེ་ལས་གནས་ཚུལ་གལ་ཆེ་ཤོས་ཤིག་མཁྱེན་ཐུབ་པ་ནི་ཁོང་རང་ངོས་ནས་བཞེངས་རྒྱུའི་གསལ་བསྒྲགས་གནང་མེད་པ་མ་ཟད། གསར་འགོད་པས་ཨུ་ནན་གྱིས་བཅར་འདྲི་ཞུས་པར་ལན་འདེབས་གནང་བ་དེ་རེད། གནས་ཚུལ་བྱུང་རིམ་དེ་དག་ལས་ཁོང་གི་ལས་དོན་གནང་ཕྱོགས་དང་དགོངས་པ་བཞེས་སྟངས་ཀྱི་ཁ་ཕྱོགས་ཙམ་ཚོད་དཔག་ཐུབ་ངེས། ངས་ནི་གནས་ཚུལ་ཁ་གསལ་ཐོག་ནས་གཞེན་སྐུལ་ཞུ་རྒྱུ་ཙམ་ལས། མཐའ་མའི་ཐག་གཅོད་ནི་སོ་སོའི་ལག་ཏུ་ཡོད། །
མཚན་འཁོད་རྩོམ་ཡིག་ཁག་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་དང༌། རྩོམ་སྒྲིག་པའི་ལྟ་བ་ཡིན་པའི་ཁྱབ་པ་མེད།