བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལ་ཚང་བའི་འགོ་ཁྲིད་ཀྱི་ཁྱད་ཡོན་ཉེར་གཅིག
བྱང་པ་རིག་འཛིན་ལྷུན་གྲུབ། ཝཱཎ་གཙུག་ལག་སློབ་གཉེར་ཁང་གི་འབུམ་རམས་སློབ་མ།
འདས་ཟིན་པའི་མི་ལོ་དྲུག་ཅུའི་དུས་ཡུན་རིང་། བཙན་བྱོལ་བོད་མི་ཚོར་༸གོང་ས་མཆོག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས། རང་དབང་ལྡན་པའི་རྒྱལ་ཁབ་མང་པོ་ལས་ཚད་མཐོ་བའི་མང་གཙོ་ལོངས་སུ་སྤྱོད་རྒྱུའི་གོ་སྐབས་ཐོབ་དང་ཐོབ་མུས་ཡིན། ལྷག་པར་དུ་ཕྱི་ལོ་༢༠༠༡ ནས་ཆབ་སྲིད་དབུ་ཁྲིད་བཀའ་བློན་ཁྲི་པ་དང་། ཕྱི་ལོ་༢༠༡༡ ནས་བཟུང་བཀའ་ཁྲིའམ་སྲིད་སྐྱོང་མི་དམངས་ཀྱིས་ཐད་ཀར་འོས་འདེམས་གནང་འགོ་ཚུགས། དེ་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་མང་གཙོའི་ལམ་ལུགས་དེ་གོམ་པ་མདུན་སྤོས་སུ་འགྲོ་བའི་རྒྱུད་རིམ་ཞིག་ཡིན་ལ། མི་མང་གི་མང་གཙོའི་འགན་དབང་གཉིས་ཕྲག་ཐོག་ཏུ་ལེན་དགོས་པའི་དབུ་ཁྱུད་དེ་ཡང་ཆགས་ཡོད། ལོ་ལྔ་ཚན་རེའི་སྲིད་སྤྱིའི་འོས་བསྡུ་ཆེན་མོར་མི་མང་གི་མཉམ་ཞུགས་གནང་སྐབས་སྲིད་སྐྱོང་གི་འོས་མི་དེ་ཉིད་སོ་སོའི་ཆོལ་ཁ་དང་ལུང་ཚན་གཅིག་པ་ཡིན་མིན་དེ་ཆ་རྐྱེན་གཙོ་བཟུང་མི་བྱེད་པར།“བོད་མིའི་སྲིད་སྐྱོང་”ཞེས་པ་གང་ཡིན་ངོས་འཛིན་གསལ་པོ་ཡོད་ཐོག ཆབ་སྲིད་དབུ་ཁྲིད་དེ་ཉིད་ལ་ཚང་དགོས་པའི་འགོ་ཁྲིད་ཀྱི་ཁྱད་ཡོན་ལ་བསམ་གཞིགས་ནན་པོས་“བོད་མིའི་སྲིད་སྐྱོང་”མ་ནོར་བ་ཞིག་འོས་འདེམས་བྱེད་དགོས་པར་མཐོང་། དེ་ནི་མང་གཙོའི་ལམ་ལུགས་ཀྱིས་ང་ཚོར་སྤྲད་པའི་འགན་དབང་གཉིས་ཀ་ཆགས་ཡོད།
ངས་འདས་པའི་ཟླ་བ་འགའ་ཤས་ནང་འགོ་ཁྲིད་ཅིག་ལ་ཚང་དགོས་པའི་ཁྱད་ཡོན་སྐོར་ལ། འཛམ་གླིང་རྒྱལ་ཁབ་སྤྱི་དང་། བྱེ་བྲག་མང་གཙོའི་ལམ་ལུགས་ཡར་ཐོན་ཅན་གྱི་སྟོབས་ཆེན་རྒྱལ་ཁབ་ཁག་གི་ནང་འགོ་ཁྲིད་ཅེས་པ་ངོས་འཛིན་བྱེད་ཚུལ་དང་། དེ་ཉིད་ལ་ཚང་དགོས་པའི་ཁྱད་ཆོས་སོགས་ལ་ཉམས་ཞིབ་བྱས་པ་ཡིན། དེ་ཡང་། ཨ་རིའི་རྩོམ་པ་པོ་གྲགས་ཅན་མཀ་སེ་ཝེལ་གྱིས་བྲིས་པའི་འགོ་ཁྲིད་ཅིག་གི་མེད་དུ་མི་རུང་བའི་ཁྱད་ཡོན་ཉེར་གཅིག་(The 21 Indispensable Qualities of a Leader. by John C. Maxwell)ཅེས་པའི་དེབ་དེ་ཞིབ་བཀླགས་བྱས་པ་བརྒྱུད། ཁོང་གིས་གསུངས་པའི་ཁྱད་ཡོན་ཉེར་གཅིག་དེ་དག་ཕྱི་ལོ་༢༠༢༡ ལོར་བོད་མིའི་སྲིད་སྐྱོང་ཁྲི་ལ་ཕེབས་འདུན་ཡོད་པའི་ད་ཡོད་སྲིད་སྐྱོང་གི་འོས་མིར་བཞེངས་མཁན་རྣམས་ཀྱི་ཁྲོད་ནས་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ལ་ཚང་ཡོད་པ་ངེས་ཤེས་བྱུང་བས་དོན་ཚན་དེ་དག་གཤམ་དུ་རེ་རེ་བྱས་ནས་བརྗོད་རྒྱུ་ཡིན།
དང་པོ། བཟང་སྤྱོད་ཀྱི་ཁྱད་ཡོན། བཟང་པོའི་སྤྱོད་པ་ནི། རྨངས་རྡོ་ལྟ་བུ་རེད་ཅེས་གསུངས་པ་བཞིན། ཁང་པ་ཆེན་པོ་ཞིག་འཛུགས་བསྐྲུན་བྱེད་པར། རྨངས་རྡོ་ནི་གཞི་རྟེན་ཡིན་པ་ལྟར། འགོ་ཁྲིད་ཚད་ལྡན་ཞིག་ཡིན་མིན་གྱི་ཚད་གཞི་ངོ་མ་ནི། མི་དེ་ཉིད་ཀྱི་བཟང་པོའི་སྤྱོད་པ་ལས་འཇལ་ཐུབ། དེ་ཡང་མི་གཤིས་ཀུན་སྤྱོད་ནི་མི་ཞིག་གི་སྒོ་གསུམ་གྱི་བྱ་སྤྱོད་ལས་ཐོན་ཅིང་། དེ་ནི་ལྷན་སྐྱེས་དང་རིང་ནས་གོམས་པའི་སྤྱོད་པ་ལས་བྱུང་། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ལ་ཆ་མཚོན་ན། ཁོང་ལ་ལྷན་སྐྱེས་ཀྱི་བཟང་པོའི་སྤྱོད་པ་མངའ་བ་མ་ཟད། རིང་ནས་གོམས་པའི་ཀུན་སྤྱོད་བཟང་པོའང་ལྡན་ཡོད་པ་ནི། འདས་པའི་མི་ལོ་བཅུ་ཕྲག་བཞི་ལྷག་རིང་ཁོང་གིས་བོད་སྤྱི་པའི་ལས་དོན་གལ་གནད་ལྕི་པོ་ཅི་རིགས་བཞེས་པའི་རྒྱུད་རིམ་ཁྲོད། ཁོང་ལ་རྒྱུས་མངའ་ཡོད་པའི་གཞུང་ཞབས་ལས་ཟུར་དང་། ཁོང་གི་གཤམ་འོག་ལས་བྱེད་ཁྲོད་ཁོང་གི་བཟང་སྤྱོད་ཀྱི་ཁྱད་ཡོན་ལ་ཡིད་མོས་མི་ཤོར་མཁན་གྱི་མི་མེད་ཅེས་བཤད་ཆོག་པ་མ་ཟད། གཞུང་ཞབས་རྒན་གྲས་ཚོས་གསུང་པར་གཞིགས་ན། བཀའ་ཟུར་མཆོག་ལ་གཞོན་སྐྱེས་ལས་བྱེད་པ་གསོ་སྐྱོང་གནང་རྒྱུར་དམིགས་བསལ་གྱི་ཁྱད་ཆོས་ལྡན་ཡོད་པ་རེད་འདུག དེས་ན་ང་ཚོའི་སྤྱི་ཚོགས་ནང་བཀའ་ཟུར་ཁོང་ལྟ་བུ་ནི། མི་བཟང་པོ་ཞིག་བྱེད་དགོས་པའི་རླབས་ཆེན་གྱི་ལམ་སྟོན་འོག་འཚར་ལོངས་བྱུང་ཞིང་། མི་གཤིས་ཀུན་སྤྱོད་བཟང་པོ་འབུར་དུ་ཐོན་པའི་དབུ་ཁྲིད་ཀྱི་དཔེ་མཚོན་ངོ་མ་དེ་ཡིན།
གཉིས་པ། ཡིད་སེམས་འགུག་ནུས་ཀྱི་ཁྱད་ཡོན། བཟང་སྤྱོད་ཀྱི་ཁྱད་ཡོན་མངའ་བའི་འགོ་ཁྲིད་ཅིག་ཡིན་ཕྱིན། གཞན་སེམས་འགུག་ནུས་ཀྱི་ཁྱད་ཡོན་ཡོད་པ་གསུངས། འདིར་ཡིད་སེམས་འགུག་ནུས་ཞེས་པའི་དོན་ནི། འགོ་ཁྲིད་ཞིག་གིས་རང་ཉིད་ཀྱི་ལས་རོགས་དང་། གཤམ་འོག་ལས་བྱེད། དེ་མིན་མི་མང་སུ་འདྲ་ཞིག་ཡིན་རུང་། དེ་དག་ལ་ལྡན་པའི་སོ་སོའི་འཇོན་ནུས་ལ་ངོས་འཛིན་བྱེད་པ་ཙམ་མ་ཟད། དོ་བདག་རང་ངོས་ནས་ཀྱང་སོ་སོའི་ནུས་པར་གདེང་འཇོག་ཇི་ལྟར་བྱེད་དགོས་པར་སྐུལ་དེད་དང་། སེམས་འགུལ་སྐྲུན་ནུས་པའི་ཡོན་ཏན་ལ་ཟེར་བ་མ་གཏོགས། འགོ་ཁྲིད་ཞིག་གིས་མི་མང་ཁྲོད་རང་ཉིད་ཀྱི་གཟུགས་བརྙན་ཇེ་ལེགས་སུ་གཏོང་བའི་སྒེར་དོན་སྒྲུབ་པའི་བྱ་སྤྱོད་དེར་ཟེར་གྱི་མེད། གོང་ཞུས་བརྗོད་དོན་དེ་གཞི་རྩར་བཟུང་སྟེ། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་དང་ལྷན་དུ་མི་ལོ་བཅུ་ཕྲག་འགའ་ཤས་སྲི་ཞུ་སྒྲུབ་མྱོང་མཁན་གྱི་བདེ་སྲུང་ལས་བྱེད་དང་། དེ་མིན་ལས་ཁུངས་གཞན་བཅས་ཀྱི་གཞུང་ཞབས་པ་རྒན་དར་གཞོན་གསུམ་གྱི་གསུང་འགྲོས་ལ་གཞིགས་ཚེ། རང་ཉིད་ཀྱི་མིང་གྲགས་དང་ཁེ་ཕན་དོན་དུ་མི་གཉེར་ཞིང་། གཤམ་འོག་ལས་བྱེད་ལ་ཉེ་རིང་མེད་པའི་ཕུལ་བྱུང་གི་མཛད་སྤྱོད་དེའི་ཐོག་ནས་ཁོང་གི་གཞན་སེམས་འགུག་ནུས་ཀྱི་ཁྱད་ཡོན་འདི་འབུར་དུ་ཐོན་གྱི་ཡོད།
གསུམ་པ། སེམས་བསྐྱེད་དམ་བཅའི་ཁྱད་ཡོན། དེའི་གོ་དོན་ནི། འགོ་ཁྲིད་ཅིག་ལ་རྨི་ལམ་གཏོང་བ་ཙམ་མིན་པར། ལག་ལེན་ཐོག་ནས་བྱ་བཞག་གི་དམིགས་ཚད་འཇལ་ཏེ། ནམ་ཡང་ཞུམ་པ་མེད་པར་མཐའ་འཁྱོལ་དོན་གྲུབ་ཡོང་བ་བྱེད་པའི་སེམས་བསྐྱེད་དམ་བཅའ་བརྟན་པོ་དགོས་པ་བཤད། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལ་མཚོན་ན། ཁོང་གིས་ཕྱི་ལོ་༡༩༧༧ ནས་བཟུང་ད་ལྟའི་བར་མི་ལོ་ཞེ་བཞི་ཙམ་རིང་ཞུས་དང་ཞུ་མུས་ཀྱི་སྲི་ཞུའི་མཛད་པ་ལས། ཁོང་གི་སེམས་བསྐྱེད་དམ་བཅའ་ཅི་འདྲ་ཞིག་ཡིན་པ་ང་ལྟ་བུའི་གང་ཟག་ཕལ་པས་ཡིག་འབྲུ་ནག་པོས་རྒྱས་བཤད་བྱ་དགོས་མ་མཆིས།
བཞི་པ། འབྲེལ་ལམ་གྱི་ཁྱད་ཡོན། འབྲེལ་ལམ་ཞེས་པ་ནི་བྱ་བཞག་གི་སྟེང་ནས་མཐོང་ཐུབ་ཅེས་གསུངས་པ་ལྟར། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གི་འབྲེལ་ལམ་གྱི་ཁྱད་ཡོན་ཡང་། ཁོང་གིས་བྱ་བཞག་གི་སྟེང་ནས་གྲུབ་ཡོད། དེ་ཡང་བདེ་སྲུང་ལྷན་ཁང་དུ་མི་ལོ་བཞི་བཅུ་ཕྱག་ལས་གནང་བའི་སྐབས། ཁོང་གིས་དངོས་ཤུགས་བརྒྱུད་གསུམ་ནས་བོད་ཕྱི་ནང་གཉིས་བར་འབྲེལ་ལམ་གྱི་ཟམ་པ་ལྟ་བུ་གནང་ཡོད། དེ་ཡང་ཁོང་གིས་མི་གཞན་བརྒྱུད་ནས་གནས་ཚུལ་ངང་བསྒུག་གནང་བཞུགས་པ་ཙམ་མིན་པར། ཁོང་རང་ཉིད་དངོས་སུ་བོད་དུ་ཕེབས་ནས་ཆབ་སྲིད་བཙོན་པ་དང་། གསང་བའི་སྒྲིག་འཛུགས་འགན་འཁུར་བ་དང་། དེ་མིན་གྱི་གནད་ཡོད་མི་སྣ་ཐུག་འཕྲད་གནང་ཡོད། འདི་ལ་བྱ་བཞག་སྟེང་ནས་གྲུབ་པའི་འབྲེལ་ལམ་ཟེར་ཞིང་། འདི་ནི་ཁོང་གིས་མཛད་པ་མང་པོའི་ཁྲོད་ནས་དཔེ་མཚོན་ཙམ་ཞིག་ཞིག་རེད། བོད་ནང་གི་མི་མང་དཀྱུས་མ་ཞིག་ནས་གནད་ཡོད་མི་སྣའི་བར་དང་། ཤེས་ལྡན་པ་ཞིག་ནས་མཁས་པའི་བར་དང་། དགེ་འདུན་པ་དཀྱུས་མ་ཞིག་ནས་བླ་མ་སྤྲུལ་སྐུ་དང་། དངོས་སུ་རང་སྲོག་བློས་བཏང་མཛད་མཁན་གྱི་ཆབ་སྲིད་བཙོན་པ་སྐྱ་སེར་ཕོ་མོ་དབྱེར་མེད་བཅས་ཀྱི་ཡིད་ཀྱི་རེ་སྨོན་དང་། སེམས་ཀྱི་འདོད་འདུན་དང་། བློ་ཡི་འཆར་སྒོ་བཅས་ཀྱི་འབྲེལ་ཟམ་ཁོང་གིས་གནང་ཡོད། ཁོང་གི་འབྲེལ་ལམ་གྱི་ཁྱད་ཡོན་ནི། ཧ་ཅང་གསང་བ་དང་། ཧ་ཅང་བརྟན་པོ་དང་། ཧ་ཅང་ཁྱབ་ཆེན་པོ་བཅས་ཡིན།
ལྔ་པ། འཇོན་ནུས་ཀྱི་ཁྱད་ཡོན། འགོ་ཁྲིད་ཅིག་གི་འཇོན་ནུས་ནི་གཙོ་བོ། བྱ་བཞག་སྒྲུབ་ཐུབ་མིན་དེ་ཡིན་པ་ལས། འཆར་སྣང་དང་། ལས་འཆར་རྫིག་པོ་བཀོད་སྒྲིག་བྱེད་པ་ཙམ་དེ་མིན། བྱ་བ་ལེགས་གྲུབ་ཡོང་བའི་རྒྱུ་རྐྱེན་ལྟེ་བ་ནི། འགོ་ཁྲིད་དེས་ཞིབ་ཚགས་དང་། སྙུགས་བསྲིངས། ཕྱོགས་ཡོངས་དང་། སྣེ་ཀུན་མཁྱེན་པ་བཅས་ཀྱི་ཐོག་ནས། ཕྱག་རོགས་ཚང་མས་རང་རང་གི་ཐུན་མིན་འཇོན་ནུས་མཉམ་སྤུང་བྱ་སའི་ཁོར་ཡུག་བསྐྲུན་ཏེ། ཟོང་ཁ་ཆིག་སྒྲིལ་ཡོང་ཐབས་བྱེད་ཐུབ་མིན་ལ་ཐུག་ཡོད། བཀའ་ཟུར་མཆོག་ལ་ཕྱག་ལས་གནང་ཕྱོགས་ཀྱི་འཇོན་ནུས་འདི་ཇི་འདྲ་ཞིག་ཡོད་པ་ནི། ཁོང་དང་ལྷན་དུ་ཕྱག་ལས་གནང་མྱོང་མཁན་ཚོས་གསལ་པོ་མཁྱེན་གྱི་ཡོད།
དྲུག་པ། བློ་སྟོབས་ཀྱི་ཁྱད་ཡོན། བློ་སྟོབས་ནི་དཔའ་ངོམ་པར་མི་ཟེར་ལ། མང་པོའི་ཁྲོད་དུ་སྐད་ཤུགས་ཆེན་པོ་རྒྱག་ཐུབ་པར་དེ་བས་མི་ཟེར། དོན་དམ་གྱི་བློ་སྟོབས་ནི། ལེགས་ཉེས་བརྟག་ཤེས་ཤིང་། བདེན་རྫུན་རྣམ་དབྱེ་འབྱེད་དེ་ལེགས་པ་དང་བདེན་པ་སོགས་རང་གཞན་ཀུན་ལ་ཕན་བདེའི་འབྱུང་གནས་ཡིན་ཕྱིན། དེ་ཉིད་བསྒྲུབ་པར་ཞུམ་པ་མེད་པ་དང་། ཡིད་ཐང་མི་ཆད་པ། ཡོད་ཚད་བློས་གཏོང་ཐུབ་པར་བརྗོད། ཁྱད་ཡོན་འདི་ཏག་ཏག་བཀའ་ཟུར་འབྲོང་ཆུང་ལ་མངའ་འདུག ང་ཚོས་བཀའ་ཟུར་མཆོག་བདེ་ཞིང་ལྷིང་འཇགས་སྐབས་གང་དུ་བགྲེང་ཡོད་པར་མི་བལྟ་བར། དཀའ་སྡུག་དང་གདོང་ལེན་བྱེད་པའི་དུས་སྐབས་སུ་ཁོང་གང་དུ་བཞེངས་འདུག་བལྟས་ན་ཤེས་ཐུབ།
བདུན་པ། རྣམ་དཔྱོད་ཀྱི་ཁྱད་ཡོན། ངས་དགུང་ལོ་བདུན་ཅུ་དོན་གསུམ་ཕེབས་པའི་བོད་པ་བགྲེས་སོང་ཞིག་ལས། ངས་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གི་རྣམ་དཔྱོད་ཀྱི་ཁྱད་ཡོན་ཤེས་བྱུང་། དེ་ཡང་། བགྲེས་སོང་ཁོང་ནི་དྭང་དམག་གྲས་ལས་མི་ལོ་སུམ་ཅུ་ཙམ་རྒྱ་གར་གཞུང་གི་གསང་བའི་ལས་བྱེད་གནང་མྱོང་མཁན་ཞིག་རེད། ཁོང་གིས་ “དངོས་གྲུབ་ལགས། གནད་དོན་ཆེ་ཕྲ་ཚང་མར་དབྱེ་ཞིབ་མཐར་ཕྱིན་གནང་ཐུབ་མཁན་ཞིག་རེད།”ཅེས་གསུངས་ཤིང་།འདིར་གནད་དོན་ཞེས་པ་ནི་གསང་བའི་གནད་དོན་རིགས་ལ་གོཆབ་སྲིད་དང་འབྲེལ་བའི་གསང་གནས་ནི། མི་རྣམ་དཔྱོད་ལྡན་པས་མ་གཏོགས་དབྱེ་ཞིབ་མཐིལ་ཕྱིན་ག་ནས་ཐུབ། བཀའ་ཟུར་ཁོང་གིས་འདས་པའི་མི་ལོ་བཅུ་ཕྲག་བཞི་ལྷག་༸གོང་ས་མཆོག་གི་སྐུ་ཕྱྭ་སྲུང་སྐྱོབ་དང་། བཙན་བྱོལ་སྒྲིག་འཛུགས་དང་སྤྱི་ཚོགས་བདེ་སྲུང་གི་གནད་དོན་ཕྱི་ནང་གསང་གསུམ་རྟོགས་ཞིབ་དང་ཐུགས་འགན་བཞེས། དེ་ཡང་ཁོང་གིས་ཉིན་དང་ཟླ་མིན་པར་ལོ་ནས་ལོ་བསྟུད་དེ་གནང་ཡོད་པ་དེའི་ཐོག་ནས། ཁོང་གི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཀྱི་ཁྱད་ཡོན་དཔོག་ཐུབ།
བརྒྱད་པ། བློ་གྲོས་བརྟན་པའི་ཁྱད་ཡོན། འགོ་ཁྲིད་ཅིག་གི་བློ་གྲོས་ཇི་ཙམ་བརྟན་པ་དེ་ཚོད་ཀྱི་བློ་གྲོས་གསལ་པ་ཡོད་པ་གསུངས། བློ་གྲོས་བརྟན་པའི་གང་ཟག་གིས་གནད་དོན་གྱི་ཕུགས་འཚོལ་ཐུབ་ཅིང་། སྤྱི་ཚོགས་ཀྱི་དཀའ་རྙོག་མང་པོའི་འབྱུང་ཁུངས་རྩད་གཅོད་ཐུབ་ཀྱི་ཡོད། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས་འདས་པའི་མི་ལོ་བཞི་ཅུའི་རིང་བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་ནང་བྱུང་ཟིན་པའི་དཀའ་རྙོག་ལ་ཞིབ་མོའི་བློས་བརྟག་དཔྱད་གནང་སྟེ། མ་འོངས་འབྱུང་ཉེན་གྱི་རྒྱུ་རྐྱེན་མང་པོ་གཏན་འགོག་ཐད་དམིགས་བསལ་གྱི་བློ་ནུས་བཏོན་གནང་ཡོད། དཔེ་མཚོན་ཞིག་ནི། དོལ་ཚོགས་ཀྱི་བྱེད་བབ་ངན་པ་རྩ་བ་བཀོག་ཏེ་མངོན་སུམ་དུ་ཀུན་ལ་གྲོས་ཚོགས་སུ་གསལ་སྟོན་གནང་ཡོད། དེ་འདྲའི་རྒྱུ་མཚན་ལ་བརྟེན་ནས་འབྲོང་ཆུང་དངོས་གྲུབ་ཅེས་པ་དེ། རྒྱ་གཞུང་གསང་བ་ཚན་པས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གནས་ཚུལ་འཚོལ་བསྡུ་བྱེད་རྒྱུའི་ཐོ་གཞུང་ནང་ཡང་ཡང་ཐོན་པའི་མིང་ཚིག་ཅིག་ཡིན། བབ་ལྷིང་བརྟན་གསུམ་ལས་ཁོང་བརྟན་པ་ནི་བློ་གྲོས་བརྟན་པའི་ཁྱད་ཡོན་ཡིན། “ད་དུང་ཁོང་གི་རང་བཞིན་བརླིང་པོ། བློ་གྲོས་བརླིང་པོ། རྣམ་འགྱུར་བརླིང་པོ། མཐའ་ན་གོམ་པ་ཡང་བརླིང་པོ་བྱས་ནས་འགྲོ་མཁན་ཞིག་རེད།”ཅེས་ཆབ་སྲིད་བཙོན་ཟུར་བསྟན་པ་དར་རྒྱས་ཀྱིས་གསུངས།
དགུ་པ། གཏོང་སེམས་ཀྱི་ཁྱད་ཡོན། འགོ་ཁྲིད་ཅིག་གི་རླབས་ཆེ་ཤོས་ཀྱི་སྦྱིན་གཏོང་ནི། མི་མང་ལ་བསྐྲུན་པའི་ཡི་ཆེས་དང་རེ་བ་ཡིན་པ་ལས་ཟང་ཟིང་རྒྱུ་ནོར་ཆགས་ཀྱི་མེད། བོད་སྤྱི་བའི་དོན་དུ་ཡོད་ཚད་བློས་གཏོང་གནང་མཁན་ནི། རྒྱལ་གཅེས་ཆབ་སྲིད་བཙོན་པ་འདས་གསོན་རྣམས་ཆགས་ཀྱི་ཡོད། ཁོང་རྣམས་ཀྱི་བློས་གཏོང་ལ་ང་ཚོས་ཚོད་དཔག་ནམ་ཡང་རྒྱག་ཐུབ་ཐབས་མེད། བོད་རྒྱལ་ཁབ་དང་མི་རིགས་ཆེད་དུ་དཀའ་བ་བརྒྱ་ཕྲག་ཁྱད་བསད་མཛད་མཁན་ཚོར། བཙན་བྱོལ་དུ་ཡོད་པའི་བོད་མི་མང་དཀྱུས་མའི་ཁྲོད་ནས་རེ་བ་དང་ཡིད་ཆེས་སྐྲུན་མཁན་ནི་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ཆགས་ཀྱི་ཡོད། དེ་ཡང་ཆབ་སྲིད་བཙོན་ཟུར་བསྟན་པ་དར་རྒྱས་ཀྱིས་“རྒྱ་དཔོན་སྡུག་རྩུབ་ཅན་དེ་དག་གི་གཉའ་གནོན་འོག་ནས་དཀའ་སྡུག་ཚད་མེད་མྱོང་མཁན་ཞིག་གློ་བུར་དུ་དཔོན་ཉམས་རྩ་བ་ནས་མི་སྟོན་མཁན་གྱི་དཔོན་པོ་བབས་ཆགས་ཞིག་དང་མཇལ་ན། དམིགས་བསལ་གྱི་བག་ཆགས་ཤིག་བཞག་ཡོད་པ་བརྗོད་ག་ལ་དགོས།”ཞེས་གསུངས་པ་ལྟར་རྒྱལ་གཅེས་བ་མང་པོར་གཅིག་མཚུངས་ཀྱི་སེམས་ཚོར་བྱུང་ཡོད། འཛམ་གླིང་འདིར་འགོ་ཁྲིད་མང་པོ་ཡོད་ཀྱང་། རང་བཞིན་ལྷན་སྐྱེས་ཀྱིས་མི་མང་ལ་ཡིད་ཆེས་དང་རེ་བ་བསྐྲུན་ཐུབ་པའི་གཏོང་སེམས་ཡོད་མཁན་ཧ་ཅང་དཀོན་པོ་ཡིན།
བཅུ་པ། རང་ཉིད་ནས་འགོ་འཛུགས་ཀྱི་ཁྱད་ཡོན། འགོ་ཁྲིད་ཡང་དག་པ་ཞིག་ཡིན་ཕྱིན། རང་ཉིད་ནས་འགོ་འཛུགས་ཀྱི་ཁྱད་ཡོན་ལྡན་དགོས། རྒྱུ་མཚན་ནི། འགོ་ཁྲིད་དེས་རང་ཉིད་ཀྱི་འོས་འགན་ངོས་འཛིན་གསལ་པོ་ཐུབ་པ་གཅིག་དང་། རང་ཉིད་བྱ་བར་དངོས་སུ་ཞུགས་པ་གཉིས། འགག་ལ་ཐུག་དུས་ཉེན་ཁར་འཛེམས་ཐོགས་མི་བྱེད་པར་མདུན་སྐྱོད་བྱེད་པའི་ཁྱད་ཡོན་གསུམ་ལྡན་དགོས་པ་ཡིན། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ལ་འགོ་ཁྲིད་ཀྱི་ཁྱད་ཡོན་འདི་མངའ་བ་ནི། ཁོང་གིས་གནས་རིམ་མི་འདྲ་བའི་ལས་སྣེ་ཁག་གི་ནང་ཕྱག་ལས་གནང་བའི་རྒྱུད་རིམ་ལས་གསལ་སྟོན་བྱེད་ཀྱི་ཡོད། ཁྱད་ཡོན་འདི་ལྡན་གྱི་འགོ་ཁྲིད་ནི། རང་བཞིན་གྱི་མི་མང་གི་དཔེ་སྟོན་དུ་གྱུར་གྱི་ཡོད་པ་ལྟར། ང་ཚོའི་སྤྱི་ཚོགས་ནང་བཀའ་ཟུར་དངོས་གྲུབ་མཆོག་བོད་མི་རྒན་དར་གཞོན་གསུམ་མང་པོའི་ཁ་མིག་ཡར་བལྟ་བྱ་ཡུལ་དུ་གྱུར་བ་མ་ཟད། བདེ་སྲུང་གི་གནད་དོན་འབྲེལ་བའི་ཐོག་ནས་རྒྱ་གར་གཞུང་གི་གནད་ཡོད་མི་སྣ་མང་པོས་ཡིད་ཆེས་བྱ་ཡུལ་གྱི་མི་སྣ་ཆགས་ཡོད།
བཅུ་གཅིག་པ། ཉན་འཇོག་གི་ཁྱད་ཡོན། ཨ་རི་སྲིད་འཛིན་ཟུར་པ་ཝིལ་སོན་གྱིས་“འགོ་ཁྲིད་ཀྱི་རྣ་བར་མི་མང་གི་སྐད་སྒྲ་གྲགས་དགོས།”ཞེས་སྙན་མཆོག་མི་མང་ལ་གཏད་མཁན་གྱི་འགོ་ཁྲིད་ཅིག་དགོས་པ་གསུངས། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ནི། སྐྱེས་བུ་མཐོ་དམའ་སུ་ཡིན་དབྱེ་བ་མེད་པར། སྐད་ཆ་ཞིབ་ཚགས་པོ་དང་། ཆེ་ཉམས་གཏན་ནས་མེད་པར་གསན་མཁན་ཞིག་ཡིན་པ་མ་ཟད། བཀའ་མོལ་ཞུ་མཁན་མི་མང་དཀྱུས་མ་ཞིག་གིས་སྐད་ཆའི་གོ་རིམ་དང་། སྒྲ་གདངས་དག་མིན་དང་། དོན་དག་ཡོད་མེད་ལ་མ་ལྟོས་པར། སྙན་མཆོག་གཏད་ནས་ཡུན་རིང་གསན་གནང་གི་ཡོད། ཁོང་གིས་ཉན་འཇོག་གནང་སྟངས་དེ་གས་བཀའ་མོལ་ཞུ་མཁན་ལ་སེམས་འགུལ་དང་ཡིད་ཚིམས་པའི་ཚོར་བ་ངང་གིས་སྟེར་གྱི་ཡོད། མདོར་ན། བཀའ་ཟུར་མཆོག་ནི་ཉན་མཁན་ཞིག་ལས་བཤད་འདུག་མཁན་ཞིག་མིན། དེའི་ཤུགས་རྐྱེན་ལ་བརྟེན་ནས་བདེ་སྲུང་ལས་བྱེད་ཚོའི་ཁ་རྒྱུན་ལ་ཚིག་གཅིག་འཇགས་ཡོད་པ་ནི། “མང་ཙམ་ཉོན། ཉུང་ཙམ་ཤོད།”ཅེས་པ་དེ་རེད།
བཅུ་གཉིས་པ། སེམས་ཤུགས་ཀྱི་ཁྱད་ཡོན། རང་ཉིད་གང་ལ་མངགས་པའི་ལས་དོན་དེ་ཉིད་ལེགས་གྲུབ་ཡོང་བའི་རྨངས་གཞི་ལྟ་བུ་ནི། ལྡོག་ཏུ་མེད་པའི་སེམས་ཤུགས་དྲག་པོར་རག་ལུས། དོན་དམ་གྱི་སེམས་ཤུགས་ནི་ཨུ་ཚུགས་རྒྱབ་པར་མི་གོ་བར། དགའ་ཞིང་སྤྲོ་བའི་ཐོག་ནས་བྱ་བ་སྒྲུབ་པའོ། དེ་ནི་རང་ཉིད་ཀྱིས་བསྒྲུབ་བྱ་ལ་དགའ་མོས་དང་དང་བ་ཡོད་པ་ལས་བྱུང་། སེམས་ཤུགས་མེད་པའི་མིས་གང་ཡང་སྒྲུབ་དཀའ་ཞེས་གསུངས་པ་ལྟར། སེམས་ཤུགས་ཀྱི་ཁྱད་ཡོན་ནི་བརྩོན་འགྲུས་ཡིན། བཀའ་ཟུར་མཆོག་གི་སེམས་ཤུགས་ལ་འགྲེལ་བརྗོད་མི་དགོས་པར། ཁོང་གིས་མི་ལོ་བཅུ་ཕྲག་བཞི་ལྷག་རིང་བསྒྲུབས་དང་སྒྲུབ་མུས་ཀྱི་སྲི་ཞུ་ལས་རྟོགས་ཐུབ།
བཅུ་གསུམ་པ། བསམ་བློ་བཟང་ཕྱོགས་ཀྱི་ཁྱད་ཡོན། བསམ་བློ་ནི་སྟོབས་ཤུགས་རེད་ཅེས་གསུངས་པ་ལྟར། བསམ་པ་ཀུན་སློང་འཁྱེར་ཕྱོགས་ནི་མི་ཞིག་གིས་གྲུབ་པའི་བྱ་བཞག་ཡོད་ཚད་ཀྱི་རྨངས་གཞི་ཡིན། བསམ་བློ་བཟང་ཕྱོགས་སུ་གཏོང་ཐུབ་མཁན་ཞིག་ཡིན་ཕྱིན། དཀའ་སྡུག་ཐམས་ཅད་ལམ་དུ་འཁྱེར་ཐུབ་ཅིང་། རྐྱེན་ངན་གྲོགས་ཤར་གྱི་འདུ་ཤེས་ཟབ་མོས་རང་ཉིད་ཀྱིས་དམ་བཅའ་བའི་ལས་དོན་མཐའ་འཁྱོལ་བྱེད་ཀྱི་ཡོད། བསམ་བློ་བཟང་ཕྱོགས་ཀྱི་ཁྱད་ཡོན་མངའ་བའི་འགོ་ཁྲིད་ནི། རང་ཉིད་ལ་ཡིད་ཆེས་ཡོད་པ་དང་། གང་ཟག་གཞན་གྱི་གྲུབ་འབྲས་ལ་རྗེས་སུ་ཡིད་རངས་བྱེད་མཁན་ཞིག་ཡིན། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས་ཀྱང་། མདུན་དུ་ལྷགས་པའི་གནད་དོན་ཡོད་ཚད་ལས་བླངས་བྱ་ལེན་ཐུབ་ཅིང་། བཟང་ཕྱོགས་ཐོག་ནས་ལྟ་ཐབས་རང་བཞིན་བཀོལ་ཏེ། གནད་དོན་ལ་དབྱེ་ཞིབ་དང་། བརྟག་དཔྱད། འགྲེལ་བརྗོད་གནང་གི་ཡོད།
བཅུ་བཞི་པ། དཀའ་ངལ་སེལ་ནུས་ཀྱི་ཁྱད་ཡོན།མཚན་ཉིད་ཚང་བའི་འགོ་ཁྲིད་ཀྱིས་དཀའ་ངལ་ནི། གོ་སྐབས་ཤིག་ལ་ངོས་འཛིན་ཐུབ་ཅེས་གསུངས་མོད། འགོ་ཁྲིད་མང་པོས་དཀའ་ངལ་ལ་གཡོལ་ཐབས་བྱེད་ཅིང་། ཇི་ཙམ་མདུན་དུ་ལྷགས་པའི་གནད་དོན་ལ་ཟུར་གཡོལ་བྱས་པ། དེའི་ཚོད་ཀྱིས་དཀའ་ངལ་ལྷགས་ངེས། དཀའ་ངལ་སེལ་ནུས་ཞེས་པ་ནི། ཆེ་ཆུང་ལ་མ་ལྟོས་པར་དཀའ་ངལ་ཅི་འདྲ་ཞིག་བྱུང་ཡང་། དེའི་འབྱུང་རྐྱེན་ལ་ཞིབ་ཚགས་པོས་དབྱེ་ཞིབ་དང་། བརྟག་དཔྱད། རྩད་གཅོད་བྱས་ཏེ། མ་འོངས་འབྱུང་འགྱུར་ལ་དེ་ཉིད་བསྐྱར་ཟློས་མི་ཡོང་བ་བྱེད། འགོ་ཁྲིད་ཞིག་ལ་དཀའ་ངལ་སེལ་ནུས་ཀྱི་ཁྱད་ཡོན་མ་ལྡན་ཚེ། དཀའ་ངལ་ལས་དཀའ་ངལ་ཐོན་པ་དང་། སྐབས་མང་པོར་དཀའ་ངལ་སེལ་ཐབས་ཧ་ལོག་སྟེ། ཐབས་ལམ་གྱིས་དཀའ་ངལ་སེལ་རྒྱུའི་ཚབ་ཏུ་དཀའ་ངལ་མང་བ་བསྐྲུན་གྱི་ཡོད། བཀའ་ཟུར་དངོས་གྲུབ་མཆོག་གིས་དཀའ་ངལ་ཆེ་ཕྲ་ཚང་མ་ལས་བླངས་བྱ་ཐོབ་ཐབས་གནང་བ་དང་། དཀའ་རྙོག་ག་འདྲ་ཞིག་ཡིན་ཡང་། གཏིང་ལོན་དང་། ཁོག་དབུབ་པ་དང་། མཐིལ་གཏོལ་ཐབས་གནང་གི་ཡོད་པས། ཁོང་ལ་དཀའ་ངལ་སེལ་ནུས་ཀྱི་ཁྱད་ཡོན་རང་ཆས་སུ་མངའ།
བཅུ་དྲུག་པ། འགན་ཁུར་གྱི་ཁྱད་ཡོན། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ལ་རླབས་ཆེན་གྱི་འགོ་ཁྲིད་སྤྱི་ལ་ཚང་བའི་འགན་ཁུར་གྱི་ཁྱད་ཡོན་ཕུལ་དུ་བྱུང་བ་ལྡན་ཡོད། འགན་ཁུར་ཞེས་པ་ནི། དབང་ཆ་འཛིན་རྒྱུ་དང་། ཞབས་སྟེགས་སྲུང་རྒྱུ་ལ་མི་ཟེར་བར། རང་ཉིད་ལ་འཁྲིས་བའི་འོས་འགན་གང་ཡིན་ངོས་འཛིན་ཐོག་ནས་དེ་ཉིད་རྒྱུན་འཁྱོངས་བྱེད་པ་ལ་གོ། དེང་ཡང་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས། “གཞུང་གི་ལས་བྱེད་ལོ་བཅུ་ཕྲག་བཞི། ལས་ཁུངས་གཅིག་གི་ནང་ལས་དོན་གཅིག་གི་ཐོག་བཞུགས་ཡག་ཅེས་པ་དཀོན་པོ་རེད། དེས་ག་རེ་མཚོན་གྱི་ཡོད་རེད་ཅེ་ན། རང་ཉིད་གང་ལ་མངགས་པའི་ལས་དོན་དེ་ལ་འོས་ཤིང་འཚམས་པ་ཡིན་པ་དང་། དེའི་འོས་ཆོས་ཚང་གི་ཡོད་པ། དེ་དང་ཆབས་ཅིག་ཏུ་ལྷག་བསམ་དང་ཆོད་སེམས་ཀྱིས་འདང་གི་ཡོད་པ་མཚོན་གྱི་ཡོད་པ་རེད།”ཅེས་བཀའ་ཟུར་མཆོག་གིས་འགན་ཁུར་བཞེས་ཕྱོགས་ལ་གདིང་འཇོག་མཛད་པ་ལས་ལྷག་ཚོད་སུས་བཤད་པ་བྱ་ནུས། མདོར་ན། འགན་ཁུར་ནི་ལྷག་བསམ་དང་ཆོད་སེམས་ཡོད་མིན་གྱི་སྟེང་ནས་མཚོན་ཐུབ་བོ།
བཅུ་བདུན་པ། བདེ་སྲུང་གི་ཁྱད་ཡོན། འདིར་བདེ་སྲུང་ཞེས་པ་ང་ཚོས་ལས་ཁུངས་བྱེ་བྲག་པ་ཞིག་གི་ལས་ཀ་ལ་མི་ཟེར། རྒྱལ་ཁབ་དང་། སྤྱི་ཚོགས། སྒྲིག་འཛུགས་ཀྱི་བདེ་འཇགས་དང་ཉེན་སྲུང་ལ་འདུ་ཤེས་འཛིན་སྟངས་དང་། འདས་མ་ད་གསུམ་གྱི་གནད་དོན་ལ་དབྱེ་ཞིབ། བདེ་སྲུང་གི་རང་བཞིན་ཐོག་ནས་ཇི་ལྟར་ངོས་འཛིན་ཚུལ་བཅས་ནི། འགོ་ཁྲིད་ཅིག་ལ་ངེས་པར་ཡོད་དགོས། འཐབ་རྩོད་ཀྱི་རྒྱུད་རིམ་ནང་འཚོ་བཞིན་པའི་མི་རིགས་ཤིག་ལ་ཆ་མཚོན་ན། མི་སྒེར་གཅིག་ནས་རྒྱལ་ཁབ་ཀྱི་བར་བདེ་སྲུང་གི་གནད་དོན་ནི་ཧ་ཅང་གལ་གནད་ཅན་ཞིག་ཡིན། ད་ལྟའི་ཆར་བོད་ཕྱི་ནང་གཉིས་ཀར་བདེ་སྲུང་གི་ཐད་ལ་མཁྱེན་རྒྱ་ཡངས་བ་བཀའ་ཟུར་འབྲོང་ཆུང་ལྟ་བུ་དཀོན་པོ་རེད། རྒྱལ་ཁབ་ཡོད་མཁན་ཅིག་ཡིན་ན། བདེ་སྲུང་ལས་ཁུངས་ནི་གསང་བའི་ལས་ཁུངས་མཐོ་ཤོས་དེ་ཡིན་ཞིང་། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས་ལོ་ ༤༠ བདེ་སྲུང་ནང་ཕྱག་ལས་གནང་བར་བརྟེན། ཕྱི་འབྲེལ་དང་། ནང་སྲིད། བོད་ནང་གི་གནས་ཚུལ་བཅས་གང་ཅིའི་ཐད་ཁོང་ནི་བོད་པའི་ཨ་ཇིཏ་ཌོ་བྷཱལ་Ajit Dovalརེད་ཅེས་བཤད་ཆོག
བཅོ་བརྒྱད་པ། ཚུལ་ཁྲིམས་ཀྱི་ཁྱད་ཡོན། ཁྲིམས་རང་འཁུར་དང་སྡོམ་པ་རང་སྲུང་ཞེས་པ་ལྟར། འགོ་ཁྲིད་སྤྱི་དང་ལྷག་པར་མང་གཙོའི་ལམ་ལུགས་ཀྱི་འགོ་ཁྲིད་ཡིན་ཕྱིན། ཚུལ་ཁྲིམས་གཙང་མ་དགོས་པ་ཡིན། རྒྱུ་མཚན་ནི། མང་གཙོའི་ལམ་ལུགས་ནང་གང་ཟག་གི་གོང་ན་ཁྲིམས་ཡོད། ཁྲིམས་དེ་ཉིད་སྐྱོང་མཁན་འགོ་ཁྲིད་ནི་མི་མང་གི་སྐུ་ཚབ་རེད། མང་གཙོའི་ལམ་ལུགས་ཀྱི་དབུ་ཁྲིད་ལ་རང་ཆས་སུ་འོས་འགན་ལྕི་པོ་ཞིག་ཡོད་པ་ནི། རང་ཉིད་ཀྱིས་མི་མང་གི་སྐུ་ཚབ་མཚོན་པ་བྱེད་དགོས། ཚུལ་ཁྲིམས་མི་གཙང་བའི་མི་ཞིག་འགོ་ཁྲིད་ཆགས་སླེབས་ཚེ། དེས་རྒྱལ་ཁབ་ཅིག་གི་མི་མང་གི་མདོག་སྟོན་གྱི་ཡོད། མདོར་ན། འགོ་ཁྲིད་རང་ཉིད་ཁྲིམས་ལ་གནས་ནས། མི་མང་ཁྲིམས་ཀྱིས་སྐྱོང་དགོས། ཁྱད་ཡོན་འདི་བཀའ་ཟུར་མཆོག་ལ་རང་ཆས་སུ་ལྡན་ཡོད།
བཅུ་དགུ་པ། སྲི་ཞུའི་ཁྱད་ཡོན། སྤྱི་ཚོགས་ཚང་མར་རང་གི་རྒྱལ་ཁབ་དང་། མི་རིགས་ལ་སྲི་ཞུ་སྒྲུབ་མཁན་མང་པོ་ཡོད་ཀྱང་། སྲི་ཞུའི་ཁྱད་ཡོན་མངའ་བའི་སྐྱེས་བོ་ཉུང་ཉུང་རེད། དེ་ནི་ལྷག་པའི་བསམ་པས་རྩིས་ཟིན་ཅིང་། ནམ་ཡང་ཞུམ་པ་མེད་པའི་ཆོད་སེམས་དང་། ཡོད་ཚད་བློས་གཏོང་ལ་དཔའ་བའི་ཁྱད་ཡོན་ལྡན་ཐོགགོམས་པའི་གཤིས་ཀ་བཟང་པོ་ཞིག་རེད། དཔེར་ན། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་སློབ་གཉེར་བ་ཡིན་སྐབས། དུས་རྟག་ཏུ་སྔ་དགོང་སློབ་གྲྭའི་ཁོར་ཡུག་ཀུན་ལ་དོ་སྣང་དང་། སློབ་གྲོགས་གཞན་ཚོས་དྲན་པ་བརྗེད་པའམ་སྣང་མེད་དུ་ཤོར་བའི་ལས་ཀ་རྣམས་རང་ཉིད་ཀྱིས་ཁུར་དུ་བླངས། སློབ་ཕྲུག་ཚོའི་གོན་པ་ཡར་ལེན་མར་སྐམ་ཚུན་ཆད་ནས་གནང་གི་ཡོད་པའི་མཛད་སྤྱོད་བཟང་པོ་ལ་བརྟེན་ནས་ཁོང་ལ་ཨ་མ་དངོས་གྲུབ་ཅེས་པའི་མཚན་བྱང་ཐོགས་པ་དེ་གའི་ཐོག་ནས་ཁོང་ལ་གཞན་ཕན་སྲི་ཞུ་སྒྲུབ་པའི་ཁྱད་ཡོན་སྐུ་ན་ཆུང་དུས་ནས་རང་ཆས་སུ་ཡོད་པར་མངོན།
ཉི་ཤུ་པ། ཤེས་རྟོགས་ནུས་པའི་ཁྱད་ཡོན། འགོ་ཁྲིད་སྤྱི་དང་ལྷག་པར་འཐབ་རྩོད་བྱེད་བཞིན་པའི་མི་རིགས་ཀྱི་འགོ་ཁྲིད་ཅིག་ཡིན་ཕྱིན། གནས་ཚུལ་འདྲ་མིན་སྣ་ཚོགས་མདུན་དུ་ཉིན་ལྟར་མངོན་ཡོང་ངེས་པས། དེ་དག་བདེན་རྫུན་གང་ཡིན་དང་། ཡ་ལན་བྱ་དགོས་མིན་སོགས་ཤེས་པ་ཙམ་མིན་པར་རྟོགས་ཐུབ་པ་བྱེད་དགོས། དེ་ནི་ཞིབ་ཚགས་པོ་དང་། དོན་ལ་དཔྱོད་པ་དང་། རྟོག་ཞིབ་བཅས་ལས་བྱུང་། དེ་ཡང་། ༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ “ང་ཚོ་ལོ་བཅུའི་རིང་ལ། དྲུང་ཆེ་དང་བཀའ་བློན། བཀའ་བློན་ལས་རོགས་ངོ་བོ་ལ་མཉམ་དུ་ལས་ཀ་བྱས་པ་རེད། ག་དུས་ཡིན་ནའང་། ཞིབ་ཚགས་པོ་དང་། དོན་དང་ལྡན་པ། རྟོག་ཞིབ་དང་ཉམས་ཞིབ་བྱེད་དགོས་པ་དག་དེང་རབས་ཆེད་ལས་པའི་སློབ་སྦྱོང་ཡོད་པ་ནང་བཞིན་གྱིས་གནང་ཐུབ་མཁན་ཡིན་པ་ར་སྤྲོད་བྱུང་།”ཞེས་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ལ་ཤེས་རྟོགས་ཀྱི་ནུས་པའི་ཁྱད་ཡོན་ཅི་འདྲ་ཞིག་མངའ་བར་རིན་པོ་ཆེ་མཆོག་གིས་དངོས་མྱོང་ཐོག་ནས་སྡོམ་བསྐྱོན་གནང་།
ཉེར་གཅིག་པ། འཆར་སྣང་གི་ཁྱད་ཡོན། རླབས་ཆེན་གྱི་འགོ་ཁྲིད་ཅིག་གི་འཆར་སྣང་ནི། རྣམ་དཔྱོད་ལས་བྱུང་ཞིང་། དེ་ནི་མ་འོངས་སྔོན་མཐོང་ཐུབ་པའོ། དེ་ལྟར་ནའང་། ད་ལྟའི་ཆར་ང་ཚོར་དགོས་པའི་སྲིད་སྐྱོང་ནི། འཆར་སྣང་གསར་པ་ཡོད་མཁན་དང་། སྐྲུན་མཁན་ཞིག་མིན་པར། ༸གོང་ས་སྐྱབས་མགོན་ཆེན་པོའི་རླབས་ཆེན་གྱི་དགོངས་བཞེད་ཁག་མཁྱེན་པ་དང་། མཁྱེན་ནས་ཕྱག་ལེན་བསྟར་བ་དང་། ཕྱག་ལེན་ཐོག་ནས་རྒྱུན་འཛིན་ཐུབ་མཁན་གྱི་འགོ་ཁྲིད་ཅིག་དགོས་པ་ཡིན། ༸གོང་ས་སྐྱབས་མགོན་ཆེན་པོས་བསྟན་གནང་མཛད་པའི་བོད་ཀྱི་འཆར་སྣང་ནི་ ༸མགོན་པོ་མཆོག་གི་འགྲན་ཟླ་བྲལ་བའི་མཁྱེན་དཔྱོད་དང་། ཀུན་ཁྱབ་རང་བཞིན་གྱི་རླབས་ཆེན་དགོངས་བཞེད། སྐུ་ཚེ་ཧྲིལ་པོའི་གཞལ་དུ་མེད་པའི་ཐུགས་ཀྱི་མྱོང་བ་། དངོས་ཡོད་གཞི་བཅོལ་གྱི་མཛད་པ་འཕྲིན་ལས་ཀྱིས་བོད་དང་བོད་མི་རིགས་ཀྱི་བདེ་སྡུག་འཕྲལ་ཕུགས་རྒྱང་གསུམ་ལ་སྨན་པའི་ལམ་སྟོན་ཡིན་པས། མ་འོངས་བོད་དང་མི་རིགས་ཀྱི་མདུན་ལམ་ཅི་འདྲ་ཞིག་འབྱུང་མིན་ཐད། ད་ཡོད་བོད་མི་ཚོས་སྒྲུབ་ཐུབ་པ་དང་། ཡིན་ཅིག་བསྒྲུབ་དགོས་པའི་འོས་འགན་ནི། དངོས་ཡོད་ཐོག་ནས་༸མགོན་པོ་མཆོག་གི་དགོངས་བཞེད་མཐར་འཁྱོལ་ཞུ་རྒྱུ་ལས་ལྷག་པའི་ལས་འགུལ་དང་འཐབ་རྩོད་གཞན་ཞིག་དོན་ལ་མ་གྲུབ། དེས་ན། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ནི། གང་ལ་མངགས་པའི་འོས་འགན་འདི་བསྒྲུབ་པར་འོས་བབ་ཆེ་ཤོས་སུ་སྣང་།། །།
མཚན་འཁོད་རྩོམ་ཡིག་ཁག་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་དང༌། རྩོམ་སྒྲིག་པའི་ལྟ་བ་ཡིན་པའི་ཁྱབ་པ་མེད།
Comments are closed.