བཀའ་ཟུར་རྒྱ་རི་སྒྲོལ་མས་སྲིད་སྐྱོང་དུ་ལངས་པའི་གསར་འགོད་ལྷན་ཚོགས་བསྐོངས་སོང་།

ཟླ་འདིའི་ཚེས་༡༤ ཉིན་ལྡི་ལི་ནས་བཀའ་ཟུར་རྒྱ་རི་སྒྲོལ་མས་བཀའ་ཤག་སྐབས་བཅུ་དྲུག་པའི་སྲིད་སྐྱོང་ལ་ལངས་རྒྱུ་ཡིན་པའི་གསར་འགོད་ལྷན་ཚོགས་ཤིག་དྲ་ཐོག་ཏུ་བསྐོངས་པ་དང་། མང་གཙོའི་སྒྲོམ་གཞིའི་འོག་ཁྲིམས་ཀྱི་དབང་བསྒྱུར་ཡོད་པའི་སྒྲིག་འཛུགས་སྲ་བརྟན་དང་འཐབ་རྩོད་ཀྱི་ནུས་པ་མཉམ་སྤུངས་གནང་རྒྱུ་ཡིན་སྐོར་གསུངས་སོང་།

དེང་སྐབས་རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་གྱིས་མི་མང་འདུ་འཛོམས་དང་འགྲིམ་འགྲུལ་ལ་བཀག་འགོག་ཡོད་པར་བརྟེན། ཁོང་གིས་དྲ་ཐོག་ནས་གསར་ལྷན་ཚོགས་དེ་བསྐོངས་པ་ཡིན་པ་དང་། ཁོང་ཆུང་དུས་ནས་འཐབ་རྩོད་ལས་འགུལ་ནང་ཞུགས་མཁན་ཞིག་ཡིན་པས་བཙན་བྱོལ་སྤྱི་ཚོགས་ནང་ཉམས་མྱོང་ཡོད་པ་དང་། བཀའ་ཁྲི་ཟམ་གདོང་རིན་པོ་ཆེའི་སྐབས་བོད་རྒྱ་འབྲེལ་མོལ་ཞིག་བྱས་ནས་ས་གནས་མི་རིགས་རང་སྐྱོང་གི་བསམ་འཆར་ཡིག་ཆ་རྒྱ་ནག་ལ་སྤྲད་སྐོར་དང་།  ཁོང་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་མིན་ནའང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཡིན་པའི་ཆ་ནས་གནས་ཚུལ་ལ་རྒྱུས་མངའ་ཡོད་པས་སྲིད་སྐྱོང་དུ་ལངས་པ་ཡིན་སྐོར་གསུངས་སོང་།

དབུ་མའི་ལམ་དེ་གྲོས་ཚོགས་ནས་གཏན་འབེབས་བྱས་པའི་སྲིད་ཇུས་ཤིག་ཡིན་པ་དང་། དེའི་འོག་ནས་བོད་ཀྱི་དཀའ་ངལ་སེལ་ཆེད་རྒྱ་ནག་མཉམ་དུ་འབྲེལ་མོལ་མེད་པའི་སྐབས་སུ་འབྲེལ་མོལ་ཡོང་ཐབས་ཀྱི་ཁོར་ཡུག་ཅིག་བསྐྲུན་དགོས་པ་དང་། འབྲེལ་མོལ་བྱུང་ན་དེ་ལམ་ལྷུང་ཡོང་ཆེད་དུ་ཁོར་ཡུག་བསྐྲུན་དགོས་པས། རྒྱལ་སྤྱིའི་ཐོག་ནས་བོད་དོན་རྒྱབ་སྐྱོར་འཚོལ་ཐབས་དང་བོད་མི་ནང་ཁུལ་ཆིག་སྒྲིལ་ཐོག་ནས་འཐབ་རྩོད་དགོས་སྐོར་གསུངས་སོང་།

དེང་སྐབས་༧རྒྱལ་བ་རིན་པོ་ཆེ་དངོས་སུ་བཞུགས་བསྡད་ཡོད་པས། མི་ཁག་ཅིག་གིས་རྒྱལ་བ་རིན་པོ་ཆེ་མེད་པ་ནང་བཞིན་སྐད་ཆ་བཤད་པ་ནི་ནོར་འཁྲུལ་ཡིན་སྐོར་དང་། སྲིད་སྐྱོང་འོས་བསྡུ་དེ་མི་གཅིག་ཡར་འཐེན་ཆེད་དང་མི་གཅིག་མར་འཐེན་ཆེད་མིན་པར། སྲིད་སྐྱོང་ལངས་མཁན་ཚང་མའི་ནང་ནས་མི་གཅིག་ཐོབ་རྗེས། སྤྱི་ཚོགས་སྲ་བརྟན་གནས་དགོས་སྐོར་དང་། སུ་ཐོབ་མིན་ཆེད་༧རྒྱལ་བ་རིན་པོ་ཆེ་དྲུད་ཡོང་ན་མི་འགྲིག་པ་དང་། སྲིད་སྐྱོང་མི་སྒེར་སུ་ཐོབ་མིན་ལ་རྒྱལ་བ་རིན་པོ་ཆེ་ཐུགས་མཉེས་ཀྱི་མིན་པར། སུས་ལས་ཀ་བྱེད་ཐུབ་ན་༧རྒྱལ་བ་རིན་པོ་ཆེ་དེ་ལ་ཐུགས་མཉེས་རྒྱུ་ཡིན་སྐོར་གསུངས་སོང་།

ཁོང་བོད་ཀྱི་སྲིད་སྐྱོང་དུ་ལངས་ནས་ལས་ཀ་བྱེད་འདོད་ཡོད་ལ། བྱེད་ཐུབ་ས་རེད་བསམ་གྱི་ཡོད་པས་མི་མང་ནས་ཁོང་ལ་གོ་སྐབས་གནང་རོགས་ཞེས་འབོད་སྐུལ་གནང་སོང་བ་དང་། ཁོང་གི་བཀའ་ཤག་དེ་རྒན་གཞོན་གཉིས་ཀ་དང་ཕོ་མོ་དབྱེར་མེད་ཀྱིས་གྲུབ་པ་ཞིག་བསྐོ་རྒྱུ་ཡིན་སྐོར་གསུངས་སོང་།

ཤེས་རིག་དང་ནང་སྲིད། ཕྱི་འབྲེལ་གྱི་སྲིད་ཇུས་དང་དམིགས་ཡུལ་ཁག་ངོ་སྤྲོད་གནང་སོང་བའི་ཞིབ་ཕྲའི་སྲིད་ཇུས་དང་དྲི་བའི་ལན་ཁག་རྗེས་སུ་ལེ་ཚན་གཞན་པའི་ནང་གཏོང་རྒྱུ་ཡིན། 

བཀའ་ཟུར་རྒྱ་རི་སྒྲོལ་མ་ནི་རྒྱ་གར་དུ་སྐྱེས་པ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་རྒྱུན། བོད་མི་མང་སྤྱི་འཐུས་ལོ་༢༠ ལྷག་དང་སྐབས་གཉིས་ཀྱི་ཚོགས་གཞོན། ནང་སྲིད་བཀའ་བློན་བཅས་ཀྱི་ཕྱག་ལས་གནང།

༢༠༡༠ ལོར་སྐུ་ངོ་རྒྱ་རི་སྒྲོལ་མ་སྐབས་བཅུ་བཞི་པའིབཀའ་ཁྲིར་བཞེངས་སྐབས་ཀྱི་དྲིས་ལན་ཁག་ཅིག

གསར་འགོད་པ་ཆོས་ཉིད་འོད་ཟེར།