བཀའ་ཤག་གིས་བོད་མི་ཚོར་ཁྲིམས་ཞིབ་པ་འཕོ་འགྱུར་བཏང་བའི་རྩོད་རྙོག་གླེང་མཚམས་འཇོག་པའི་འབོད་སྐུལ་གནང་འདུག 

སྲིད་སྐྱོང་བློ་བཟང་སེང་གེས་གལ་ཏེ་ཕྱི་ཟླ་༥ཚེས་༢༠ཉིན་མོར་གྲོས་ཚོགས་འཚོགས་མ་ཐུབ་པ་དང་། ཁྲིམས་ཞིབ་པ་རྣམས་དམ་བཅའ་འབུལ་བའི་ལམ་ལུགས་བཟོ་མ་ཐུབ་པ་ཡིན་ན། བཀའ་ཤག་གསར་པ་དང་། གྲོས་ཚོགས་གསར་པ་ཡོང་ཐབས་མེད་པར་བརྟེན། “སྤྱིའི་པའི་རྩ་དོན་དགོངས་ནས་”ཁྲིམས་ཞིབ་པ་འཕོ་འགྱུར་བཏང་བའི་གནད་དོན་སྐོར་གླེང་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་འདུག 

དེ་རིང་ཕྱི་དྲོར་བཀའ་ཤག་ནས་བོད་ཀྱི་བརྙན་འཕྲིན་བརྒྱུད་དེ་བཏང་བའི་བརྙན་ཐུང་ཞིག་གི་ནང་དུ། ལས་ཐོག་སྲིད་སྐྱོང་བློ་བཟང་སེང་གེས་“བཀའ་ཤག་ནས་མི་མང་ཚང་མར་འབོད་སྐུལ་ཞུ་ཡས་ལ། ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་གཞན་རྣམ་པ་གཉིས་འཕོ་འགྱུར་འགྲོ་སྟངས་སྐོར་ནས་སྤྱི་ཚོགས་ནང་ལ་དགོངས་ཚུལ་མང་པོ་ཞིག་བཏོན་གནང་སོང—ཡིག་ངག་གཉིས་ཀའི་ཐོག་ནས་བཏོན་གནང་སོང་། ད་དགོངས་ཚུལ་དེ་དག་མཚམས་འཇོག་གནང་རོགས་གནང་ཞེས་འབོད་སྐུལ་ཞུ་ཡས་ཡིན་”ཞེས་གསུངས་རྗེས། བཀའ་ཤག་ནས་དེ་ལྟར་འབོད་སྐུལ་ཞུ་དགོས་པའི་རྒྱུ་མཚན་ནི། གྲོས་ཚོགས་ནས་ཕྱི་ཟླ་༥ཚེས་༢༠ཉིན་གྲོས་ཚོགས་འཕར་མ་འཚོགས་ཀྱི་ཡིན་ཞེས་གསལ་བསྒྲགས་གནང་གྲུབ་པ་དང་། བཅའ་ཁྲིམས་དགོངས་དོན་ལྟར་ཚོགས་གཙོ་ཚོགས་གཞོན་དང་། སྲིད་སྐྱོང་ཡོད་པའི་ཐོག་ནས་ཆོལ་ཁ་གསུམ་གྱི་འཐུས་མི་ལྡན་པའི་ཚོགས་ཆུང་ཞིག་བཙུགས་ཟིན་པ་དང་། ཕྱི་ཟླ་༥ཚེས་༢༠ཉིན་གྲོས་ཚོགས་འཚོགས་པའི་སྐབས་ཁྲིམས་ཞིབ་པ་ཆེ་བ་དང་གཞན་གཉིས་དམ་བཅའ་འབུལ་བའི་ལམ་ལུགས་གཏན་འབེབས་གནང་དགོས་ཡས་དེ་ཤིན་ཏུ་གལ་ཆེན་པོ་ཆགས་ཡོད་པ། གལ་ཏེ་དེ་ལྟར་གཏན་འབེབས་བྱེད་ཐུབ་པ་ཡིན་ན་ཕྱི་ཟླ་༥ཚེས་༢༦ཉིན་སྲིད་སྐྱོང་གསར་པ་དམ་བཅའ་འབུལ་བ་དང་། དེ་ནས་ཕྱི་ཟླ་ ༦ཚེས་༡ ཉིན་མོར་གྲོས་ཚོགས་གསར་པ་དང་། ཚོགས་གཙོ་ཚོགས་གཞོན། གྲོས་ཚོགས་ཚང་མ་དམ་བཅའ་འབུལ་ཐུབ་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་པས་ཡིན་ཚུལ་འགྲེལ་བརྗོད་གནང་འདུག

བཀའ་ཤག་གི་འབོད་སྐུལ་དེའི་ནང་། ཁོང་གིས་“གལ་ཏེ་ཕྱི་ཟླ་༥ཚེས་༢༠ཉིན་མོར་གྲོས་ཚོགས་འཚོགས་མ་ཐུབ་པ་དང་། གྲོས་ཚོགས་འཚོགས་པ་ཡིན་ན་ཡང་ཁྲིམས་ཞིབ་པ་ཆེ་བ་དང་གཞན་གཉིས་དམ་བཅའ་འབུལ་བའི་ལམ་ལུགས་བཟོ་མ་ཐུབ་པ་ཡིན་ན། ག་རེ་ག་རེ་ཆགས་ཀྱི་ཡོད་མེད་དེ་ཞུས་ན་བསམས་སོང་། དེའི་ཉིན་མོར་ཁྲིམས་ཞིབ་པ་ཆེ་དམ་བཅའ་འབུལ་བའི་ལམ་ལུགས་བཟོ་མ་ཐུབ་པ་ཡིན་ན།  སྲིད་སྐྱོང་གསར་པ་དམ་བཅའ་འབུལ་ཡས་ཡོད་མ་རེད། སྲིད་སྐྱོང་གསར་པ་དམ་བཅའ་འབུལ་མ་ཐུབ་པ་ཡིན་ན། བཀའ་ཤག་གསར་པ་འཛུགས་ཐུབ་ཀྱི་ཡོད་མ་རེད། དེ་ནས་ཕྱི་ཟླ་༥པའི་ཟླ་མཇུག་ལ་ད་ལྟ་ཡོད་བཞིན་པའི་གྲོས་ཚོགས་ཀྱི་སྒོ་རྒྱག་འགྲོ་ཡི་ཡོད་རེད། ཕྱི་ཟླ་༦ཚེས་༡ལ་གྲོས་ཚོགས་གསར་པ་ཕེབས་པའི་སྐབས་ལ་ཚོགས་གཙོ་ཚོགས་གཞོན་འདེམས་ཡས་ཡོད་མ་རེད། གང་ཡིན་ཟེར་ན། ཚོགས་གཙོ་ཚོགས་གཞོན་ལ་དམ་བཅའ་འབུལ་ས་ཡོད་མ་རེད། ཚོགས་གཙོ་ཚོགས་གཞོན་དམ་བཅའ་འབུལ་ཡས་མ་བྱུང་བ་ཡིན་ན། འདེམས་ཐོན་བྱུང་བའི་སྤྱི་འཐུས་ཚོ་དམ་བཅའ་འབུལ་ཡས་ཡོད་མ་རེད། དེ་འབུལ་མ་ཐུབ་པ་ཡིན་ན། གྲོས་ཚོགས་འཚོགས་ཡས་ཡོད་མ་རེད། གནས་སྟངས་དེ་ཆགས་ཀྱི་ཡོད་རེད་”བརྗོད་པའི་ཁར། “གནས་སྟངས་དེ་སུ་གང་དགོས་པ་དེ་མ་རེད། ང་ཚོ་ལ་དགོས་ཡས་དེ་གང་རེད་ཟེར་ན། ཕྱི་ཟླ་༦ཚེས་༡ལ་སྲིད་སྐྱོང་གསར་པ་དང་བཀའ་ཤག་གསར་པ། གྲོས་ཚོགས་གསར་པ། ཁྲིམས་ཞིབ་པ་ཆེ་བ་གཞན་གཉིས་བཅས་ཆ་ཚང་ཡོད་པ་ཞིག་བྱུང་ན། གནས་ཚུལ་ཡག་ཤོས་དེ་རེད་”ཅེས་བསྣན་འདུག

གཞན་ཡང་། ཁོང་གིས་བརྙན་ཐུང་དེ་བརྒྱུད་དེ་གསར་ཁང་དང་གསར་འགོད་པ་ཚོར་ཡང་རྩོད་རྙོག་དེའི་སྐོར་ལ་སླེང་སློང་མི་བྱེད་པའི་རེ་འབོད་གནང་འདུག་སྟེ། ཁོང་གིས་“དེ་ནས་གསར་ཁང་དང་གསར་འགོད་པ་ཚོ་ལ་ཡིན་ན་ཡང་། དེའི་ཐོག་ནས་གླེང་སློང་མ་གནང་རོགས་གནང་། གསར་ཁང་ང་ཚོ་སྐད་གྲགས་ཆེ་རུ་འགྲོ་ཡི་རེད་དང་། གསར་འགོད་པ་ཡིན་ན་ཡང་ག་ཚོད་མང་པོ་བཤད་པ་ཡིན་ན་ང་མིང་འདྲ་བོ་ཆགས་ཀྱི་རེད་བསམ་པ་མ་དགོངས་པའི་ཐོག་ནས་སྤྱི་པའི་རྩ་དོན་བསམ་པའི་ཐོག་ནས་དེའི་སྒང་ལ་བགྲོ་གླེང་མ་གནང་རོགས་གནང་”ཞེས་འབོད་སྐུལ་གནང་འདུག། 

གསར་འགོད་པ་དཀོན་མཆོག་རབ་བརྟན།