བཀའ་ཤག་གིས་འགྲེལ་བཤད་བརྒྱབ་པའི་དབུ་མའི་ལམ་ལས་གཞན་ཞིག་མེད།
སྐབས་༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་༧ པའི་ཉིན་གསུམ་གྱི་རིང་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་དང་འབྲེལ་བའི་བགྲོ་གླེང་ཐེངས་མང་བྱུང་ཡོད་པ་དང་། ཉིན་༤ པའི་ལས་རིམ་དང་པོ་དེ་སྐར་རྟགས་ཅན་གྱི་དྲི་བ་དྲི་ལན་གྱི་དུས་ཚོད་ཡིན་པར་བརྟེན་སྤྱི་འཐུས་ཁག་ཅིག་དང་འཛིན་སྐྱོང་བཀའ་ཤག་བར་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་དྲི་བ་དྲིས་ལན་གནང་ཡོད་པ་རེད།
ཟླ་འདིའི་ཚེས་༢༢ ཉིན་བོད་མི་མང་གི་སྐབས་༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཚོགས་དུས་༧ པའི་ཉིན་༤ པའི་ཐོག་ཐོག སྤྱི་འཐུས་ཟླ་བ་ཚེ་རིང་གིས་དབུ་མའི་ལམ་གྱི་སྲིད་ཇུས་སྐོར་ལ་སྐར་རྟགས་ཅན་གྱི་དྲི་བ་སྲིད་སྐྱོང་ལ་བཏང་བའི་ནང་། “འཛིན་སྐྱོང་བཀའ་ཤག་གིས་སྔ་ཕྱི་བར་གསུམ་དུ་གྲོས་ཚོགས་དང་མང་ཚོགས་ནང་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་བདག་དབང་ཡོངས་རྫོགས་འཛིན་སྐྱོང་བཀའ་ཤག་གཅིག་པུ་ལ་ཡོད། གཞན་སུ་གང་ལ་མེད་ཅེས་སྐད་གསང་མཐོན་པོས་གསལ་བསྒྲགས་གནང་བ་དེར་བཀའ་འདྲི་ཞུ་རྒྱུ་ཡིན། བཀའ་ཤག་ལ་བདག་དབང་ཡོད་པའི་གསལ་བཤད་ཁ་གསལ་ཞིག་གནང་བའི་རེ་བ་ཞུ། དབུ་མའི་ལམ་གྱི་སྲིད་བྱུས་དེ་མང་ཚོགས་ཀྱི་མངོན་འདོད་བཞིན་གྲོས་ཚོགས་ནས་གཏན་ལ་ཕབ་པ་ཡིན་པས་མང་ཚོགས་ནས་མ་བསྐུལ་དང་བླངས་ཀྱིས་ཚོགས་སྒེར་གང་རུང་སུ་རུང་ནས་དབུ་འོག་དཔུང་འདེགས་ཀྱིས་འགན་འཁུར་ཞུས་པ་ཡིན་ན་འགྲིག་གི་ཡོད་མེད་ཁ་གསལ་ཡོང་བ་ཞུ་ཞེས་”དྲིས་པར།
སྐབས་དེར་སྲིད་སྐྱོང་གིས་ལན་གནང་དོན། “དབུ་མའི་ལམ་གྱི་སྲིད་བྱུས་དེ་བོད་རྒྱ་ཞི་མོལ་ཡོང་ཐབས་སུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་ཀྱིས་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་ཡིན་པ་དང་། དེ་ལག་བསྟར་བྱ་རྒྱུའི་འགན་འཁུར་བཀའ་ཤག་ལ་ཡོད་པར་སོང་དེ་ཡི་བདག་དབང་བཀའ་ཤག་ལ་ཡོད་པ་ཞིག་ཡིན། སྲིད་བྱུས་དེ་ལ་མང་ཚོགས་ནས་དབུ་འོག་དཔུང་འདེགས་ཞུས་ན་མ་འགྲིག་པ་མེད་”ཅེས་ལན་གནང་ཡོད་པ་རེད། སླར་ཡང་སྤྱི་འཐུས་ཟླ་བ་ཚེ་རིང་གིས་འཕྲོས་དོན་དྲི་བ་གནང་དོན། “བཀའ་ཤག་ལ་བདག་དབང་ཡོད་ཅེས་གསུངས་པ་དེ་རྒྱུ་མཚན་ག་རེ་བཀོད་སོང་ཟེར་ན། བཀའ་ཤག་ལ་འགན་དབང་ཡོད་པས་བཀའ་ཤག་ལ་བདག་དབང་ཡོད་ཅེས་གསུངས་སོང་། འགན་དབང་ཡོད་ན་བདག་དབང་ཡོད་པའི་ཁྱབ་ཀྱི་རེད་དམ། ད་ལྟ་སྐད་གསང་མཐོན་པོས་གསུངས་བསྡད་པའི་བདག་དབང་བཀའ་ཤག་ལ་ཡོད་ན། སང་ཉིན་དབུ་མའི་ལམ་ལ་བསྒྱུར་བཅོས་ག་རེ་འདྲ་ཞིག་བཏང་བ་དང་། གཏོང་དགོས་པ་ཆགས་པ་ཡིན་ན་དེའི་དབང་ཆ་དེ་བཀའ་ཤག་ལ་ཡོད་དགོས་ཀྱི་རེད་དམ། ད་ལྟ་བར་དུ་ང་ཚོས་མཐོང་བསྡད་པའི་ཡིག་ཆ་རྣམས་དང་མཛད་གཙོ་རྣམ་པའི་བཀའ་སློབ་ནང་དུ་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་བདག་དབང་དེ་མང་ཚོགས་ལ་ཡོད་རེད། དེ་མ་གཏོགས་སུ་གང་ལ་ཡོད་མ་རེད་ཟེར་གྱི་ཡོད་རེད། ཡིག་ཆ་ཁག་ནང་ལ་དེ་གསལ་འདུག དེ་འདྲ་གསུངས་བསྡད་པ་དེ་ཡིག་ཆ་ནང་ལ་འཁོད་བསྡད་པའི་བཀའ་མོལ་དེ་བདེན་པ་རེད་དང་། ཡང་ན་ད་ལྟ་བཀའ་ཤག་གིས་གསུངས་བསྡད་པའི་བཀའ་ཤག་གི་བདག་དབང་གཅིག་པུ་ལས་གཞན་པ་སུ་གང་ལ་མེད་ཟེར་བ་དེ་གཉིས་བདེན་པ་ག་རེ་ཆགས་ཀྱི་ཡོད་རེད། ད་ལྟ་བདག་དབང་ཡོད་ཅེས་གསུངས་བསྡད་པ་དེ་དེ་འདྲ་ཞིག་ཡིན་པ་ཡིན་ན། ༢༠༡༡ ནས་༢༠༡༤ བར་ཁ་སང་བཀའ་མོལ་གསུངས་པ་ནང་བཞིན་༢༠༡༤ ཕྱི་ཟླ་༦ པ་ནས་དབུ་མའི་ལམ་ལ་གཞི་ནས་གོ་རྟོགས་སྤེལ་རྒྱུ་ལ་འགོ་བཙུགས་པ་ཡིན་ཞེས་གསུངས་པ་རེད། ༢༠༡༡ ནས་༢༠༡༤ བར་བདག་དབང་ཡོད་པ་གཅིག་གིས་སྐུ་མདུན་གྱིས་ལ་དྭགས་དང་ནེའུ་ཡོག་ལ་བཀའ་སློབ་གནང་བ་མ་གཏོགས་བཀའ་ཤག་གིས་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་མི་དགོས་པའི་རྒྱུ་མཚན་ག་རེ་ཆགས་པ་རེད་”ཅེས་དང་། “མང་ཚོགས་ཀྱིས་དབུ་འོག་དཔུང་འདེགས་ཞུས་ན་འགྲིག་གི་རེད་གསུངས་འདུག ང་ཚོའི་གཞུང་འབྲེལ་མིན་པའི་ཚོགས་པ་བུད་མེད་ཚོགས་པ་ལ་སོགས་ཚོགས་པ་མང་པོ་ཞིག་གིས་ང་ཚོའི་ལྟ་གྲུབ་དེ་དབུ་མའི་ལམ་ཡིན་ཟེར་གྱི་ཡོད་རེད། ཚོགས་སྒེར་ཞིག་གིས་དབུ་ལམ་གྱི་སྐོར་ལ་གོ་རྟོགས་སྤེལ་བ་སོགས་པའི་འགན་འཁུར་ཞུས་པ་ཡིན་ན་འགྲིག་གི་རེད་དང་འགྲིག་གི་མ་རེད། ད་ལྟ་བཀའ་ལན་ཁ་གསལ་མེད་པ་ཞིག་ལ་མང་ཚོགས་ཀྱིས་དབུ་འོག་དཔུང་འདེགས་ཞུས་ན་འགྲིག་གི་རེད་གསུངས་འདུག མང་ཚོགས་གལ་སྲིད་དབུ་འོག་དཔུང་འདེགས་ཞུས་པ་ཡིན་ན། མང་ཚོགས་རེ་རེ་ཡིས་དབུ་མའི་ལམ་གྱི་ཐོག་ལ་འགན་འཁུར་བླངས་ནས་གོ་རྟོགས་ལས་འགུལ་དེ་འདྲ་སྤེལ་བ་ཡིན་ན། དབུ་མའི་ལམ་གྱི་ཐོག་ལ་བཀའ་ཤག་གི་དབུ་མའི་ལམ་དང་དབུ་མའི་ལམ་གྱི་སྡེ་ཚན་དང་ཚོགས་པ་མང་པོ་ཆགས་ཀྱི་མ་རེད་དམ། དེ་མ་རེད་གསུང་གི་ཡོད་ན། སྐུ་ངོས་སྲིད་སྐྱོང་གིས་བྷ་དྰ་ར་གཙོ་བོར་བྱས་པའི་ཕྱོགས་བསྐྱོད་ཕེབས་ས་མང་པོ་གཅིག་ལ་མང་ཚོགས་ཀྱིས་དྲི་བ་འགོད་དུས། བཀའ་ཤག་གི་དབུ་མའི་ལམ་མ་གཏོགས་ཡོད་མ་རེད། བཀའ་ཤག་གི་དབུ་མའི་ལམ། ཚོགས་པ་གཅིག་གི་དབུ་མའི་ལམ། ཚོགས་པ་གཉིས་ཀྱི་དབུ་མའི་ལམ། ཚོགས་པ་གསུམ་ཨེ་འདྲའི་བྱས་པ་ཡིན་ན་དབུ་མའི་ལམ་མང་པོ་ཆགས་ཀྱི་མ་རེད་པེ་ཞེས་བཀའ་གནང་སོང་། དེ་འདྲ་ཡིན་ན། མང་ཚོགས་ཀྱིས་འགན་ཁུར་ནས་གོ་རྟོགས་དང་ལས་འགུལ་སྤེལ་བ་ཆགས་ཡོང་བ་ཡིན་ན། དེ་འདྲའི་སྡེ་ཚན་མང་པོ་ཆགས་པ་དེ་བཀའ་དེའི་ལྡོག་ཕྱོགས་ཆགས་པ་མ་རེད་དམ་”ཞེས་དྲིས་པར།
སྲིད་སྐྱོང་གིས་ལན་གནང་དོན། “བཅའ་ཁྲིམས་ཀྱི་དགོངས་དོན་གྲོས་ཚོགས་ནས་གཏན་ལ་ཕབ་པའི་སྲིད་བྱུས་ལག་བསྟར་བྱེད་རྒྱུའི་འགན་འཁུར་རྒྱུ་དེ་བཀའ་ཤག་ལ་གནང་ཡོད་རེད། དེ་ཆ་ཚང་ཁུར་དགོས་རེད། དེར་བརྟེན་ང་ཚོས་དབུ་མའི་ལམ་ཐོག་ནས་བདག་དབང་ཡོད་ཟེར་བ་དེ་དེའི་ལག་བསྟར་བྱེད་རྒྱུའི་དབང་ཆ་དེ་བཀའ་ཤག་ལ་གནང་ཡོད་པས་བཀའ་ཤག་ལ་བདག་དབང་ཡོད་ཅེས་ཞུ་གི་ཡོད། བསྒྱུར་བཅོས་བཏང་བ་ཡིན་ན། དེ་གྲོས་ཚོགས་རང་ནས་སྤྱི་མོས་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་ཡིན་པས། གྲོས་ཚོགས་ནས་གཏན་འབེབས་བྱེད་ཀྱི་ཡོད་རེད། ལག་བསྟར་དེ་བཀའ་ཤག་གིས་བྱེད་དགོས་ཀྱི་ཡོད་རེད། བསྒྱུར་བཅོས་དེ་གྲོས་ཚོགས་ནས་གཏང་ཆོག་གི་ཡོད་རེད་ཞུ་རྒྱུ་ཡིན། ཡིན་ཡང་བསྒྱུར་བཅོས་བཏང་ཚར་བའི་གཞུག་ལ་ལག་བསྟར་དེ་བཀའ་ཤག་གིས་འགན་འཁུར་གནང་གི་ཡོད་པས། བསྒྱུར་བཅོས་བཏང་བ་གཞིར་བཟུང་བདག་དབང་དེ་བཀའ་ཤག་ལ་ཆགས་འགྲོ་གི་ཡོད་རེད་”ཅེས་དང་། “གོང་དུ་དབུ་མའི་ལམ་གྱི་བདག་དབང་མང་ཚོགས་ལ་ཡོད་རེད་གསུང་གི་འདུག་ཟེར་བ་དེ་རེད། ཚང་མ་དོན་གྱི་བདག་པོ་མང་ཚོགས་རང་རེད། ཡིན་ཡང་འགྲོ་སྟངས་འགྲོ་ལུགས་ཀྱི་ཐོག་ནས་མང་ཚོགས་ཀྱིས་བདམས་བཞག་པའི་གྲོས་ཚོགས་ཀྱི་འཐུས་མི་ཆགས་ཡོང་གི་ཡོད་རེད། བཅའ་ཁྲིམས་གཏན་འབེབས་གྲོས་ཚོགས་ནས་བྱེད་ཀྱི་ཡོད་རེད། སྲིད་བྱུས་ཀྱང་གྲོས་ཚོགས་ནས་གཏན་འབེབས་བྱེད་ཀྱི་ཡོད་རེད། དེ་ལག་བསྟར་བཀའ་ཤག་ནས་བྱེད་ཀྱི་ཡོད་རེད། གཞི་རྩའི་མང་ཚོགས་ཚང་མ་ཡོད་རེད། ཡིན་ནའང་སྒྲིག་འཛུགས་ཀྱི་འགྲོ་སྟངས་ཐོག་ནས་གྲོས་ཚོགས་བརྒྱུད་ནས་ལག་བསྟར་བྱེད་རྒྱུ་དེ་བཀའ་ཤག་ལ་སླེབ་ཀྱི་ཡོད་རེད། ༢༠༡༤ ཕྱི་ཟླ་༦ པའི་རྗེས་སུ་མ་གཏོགས་གོ་རྟོགས་མ་སྤེལ་བའི་རྒྱུ་མཚན་གང་ཡིན་ན་གསུངས་སོང་། ང་ཚོས་ག་རེ་ཞུ་གི་ཡོད་རེད་ཟེར་ན། དེ་སྔ་ནས་བཀའ་ཤག་གིས་དབུ་མའི་ལམ་གོ་རྟོགས་སྤེལ་རྒྱུ་ཡིག་ཆ་མང་པོ་ཞིག་བཀྲམ་ཡོད་རེད། དེའི་རྗེས་སུ་པར་སྐྲུན་བྱས་ཡོད་རེད། གསར་འགྱུར་བརྒྱུད་ལམ་ཁག་ལ་བཤད་ཡོད་རེད། འོན་ཀྱང་ས་གནས་ས་ཐོག་རང་བཀའ་བློན་རྣམ་པ་དངོས་སུ་རང་ཆེད་མངགས་ཀྱིས་ཕེབས་རྒྱུ་དེ་༢༠༡༤ ཕྱི་ཟླ་༦ པའི་རྗེས་སུ་བྱས་པ་རེད། དེ་གཅིག་པུ་མ་རེད། འཛམ་གླིང་ཡོངས་ནང་ལ་ཁྱབ་བསྒྲགས་བྱེད་རྒྱུ་དེ་༢༠༡༤ ཕྱི་ཟླ་༦ པའི་ནང་ལ་གསར་འགྱུར་བརྒྱུད་ལམ་ཁག་ནས་དབུ་མའི་ལམ་གྱི་གནས་ཚུལ་ཐོན་ཆེ་ཤོས་ཆགས་ཡོད་པ་དེ་དངོས་ཡོད་རེད་”ཅེས་དང་། “བུད་མེད་ཚོགས་པ་གཙོས་པའི་ཚོགས་པ་གཞན་གྱིས་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་ན་འགྲིག་གི་རེད་འགྲིག་གི་མ་རེད་ཅེས་གསུངས་པ་རེད། དེ་ལ་གོང་དུ་ཞུས་པ་ནང་བཞིན་རེད། དབུ་འོག་དཔུང་འདེགས་ཞུས་ན་མ་འགྲིག་པ་མེད། ཡིན་ན་ཡང་འཕྲོས་དོན་དྲི་བ་ཚོགས་པ་གཅིག་གི་རེད་བཞག གཉིས་ཀྱི་རེད་བཞག་ཟེར་བ་ཆགས་ཀྱི་མ་རེད་པེ་གསུངས་པ་རེད། དེར་བརྟེན་བདག་དབང་ཡོད་ཟེར་བ་དེ། གལ་ཏེ་མི་མང་ནང་ལ་གཞུང་འབྲེལ་མིན་པའི་ཚོགས་པ་གཅིག་གིས་འགྲེལ་བཤད་རྒྱག་གི་འདུག་ཅེས་ལབ་པ་ཡིན་ན། བཀའ་ཤག་གིས་འགྲེལ་བཤད་བརྒྱབ་པ་དེ་དབུ་མའི་ལམ་རེད། གཞན་གྱི་འགྲེལ་བཤད་དང་བཀའ་ཤག་གི་འགྲེལ་བཤད་བར་འགལ་ཟླ་ཡོད་ན། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གཅིག་གིས་དབུ་མའི་ལམ་འགྲེལ་བཤད་བརྒྱབ་བཞག་པ་དེ་མ་འགྲིག་པ་གཅིག་དང་། བཀའ་ཤག་གིས་ཡིག་ཐོག་ཏུ་བཀོད་བཞག་པ་དེ་འགྲིག་པར་ངོས་འཛིན་དགོས་ཀྱི་ཡོད་རེད་”ཅེས་ལན་གནང་སོང་།
དེ་རྗེས་སྤྱི་འཐུས་སྒྲོལ་མ་ཚེ་རིང་གིས། “ང་ཚོའི་གྲོས་ཚོགས་ནང་ལ་དབུ་མའི་ལམ་ལ་ངེས་པ་རྙེད་པའི་མི་ཁ་ཤས་ཀྱིས་བོད་རང་བཙན་མ་ཡིན་པའི་འགྲེལ་བརྗོད་ལོག་པ་བྱས་འདུག་ཅེས་ང་ཚོའི་གྲོས་ཚོགས་ར་བའི་ནང་གསུངས་ཡོད་རེད། བདག་དབང་དེ་བཀའ་ཤག་ལ་ཡོད་པའི་ཆ་ནས་བཀའ་ཤག་གིས་དབུ་མའི་ལམ་གྱི་འགྲེལ་བཤད་སྐྱོན་མཁན་གྱི་ནང་ནས་བོད་རང་བཙན་མེད་པ་བཤད་མཁན་ཡོད་པ་དེ་མཁྱེན་རྟོགས་ཡོད་དང་མེད། ཡོད་པ་ཡིན་ན་སུ་རེད། མེད་པ་ཡིན་ན་དེ་ཏག་ཏག་ཅིག་སྡོད་ཀྱི་ཡོད་མ་རེད། གོང་ལ་སྤྱི་འཐུས་གཅིག་གིས་བཀའ་གནང་སོང་། བཀའ་ཤག་གོང་མ་དང་ད་ལྟའི་སྲིད་སྐྱོང་གིས་འགན་བཞེས་པའི་བཀའ་ཤག་གི་བར་ལ་དབུ་མའི་ལམ་གྱི་འགྲེལ་བཤད་རྒྱག་རྒྱུ་ལ་བར་སྟོང་ཞིག་ལྷག་ཅིང་མི་མང་ནང་ལ་སེམས་འཚབ་ཅིག་བྱུང་ཡོད་རེད། དེ་ཡིན་དུས་མི་མང་གི་སེམས་འཚབ་དེ་གས་ད་ལྟ་བཀའ་གནང་བའི་སྐབས་དེ་ལ་དཔལ་ལྡན་སྲིད་སྐྱོང་གིས་འགན་བཞེས་པའི་སྐབས་ལ་ཡིག་ཆ་ཞིག་བཟོ་སྐྲུན་མ་ཐུབ་པའི་རྣམ་པ་འདྲ་ཞིག་ཡིན་པ་ངས་གོ་སོང་། དེ་ཡིན་དུས་སྔོན་མ་མཁས་དབང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེའི་སྐབས་ཀྱི་ཡིག་ཆ་བཟོས་པ་དེ། བཀའ་ཤག་གོང་མའི་མཇུག་སྐྱོང་བྱས་ནས་མུ་མཐུད་ནས་བེད་སྤྱོད་བཏང་བ་ཡིན་ན་འགྲིག་གི་ཡོད་མ་རེད་དམ། དེའི་པ་རུ་ལ་དབུ་མའི་ལམ་ལ་ཁྱད་པར་ག་རེ་ཡོད་རེད་”ཅེས་བཀའ་འདྲི་གནང་བར།
སྲིད་སྐྱོང་མཆོག་གིས་ལན་གནང་དོན། “དབུ་མའི་ལམ་ག་རེ་ཡིན་པ་དེ་བཀའ་ཤག་ནས་ཡིག་ཐོག་དང་བརྙན་འཕྲིན་ནང་ཆ་ཚང་ལ་བཀོད་བཞག་ཡོད་རེད། བཀའ་ཤག་གི་དབུ་མའི་ལམ་གྱི་འགྲེལ་བཤད་ད་ག་རང་ཆགས་བསྡད་ཀྱི་ཡོད་རེད། བཀུར་འོས་སྤྱི་འཐུས་སྐུ་སྒེར་ནས་གསུངས་སོང་། སྤྱི་འཐུས་གཞན་ཞིག་ནས་རང་བཙན་མིན་པའི་སྐོར་སྤྱི་འཐུས་ནང་ལ་གསུང་གི་ཡོད་རེད་ཅེས་གསུངས་སོང་། དེ་སྤྱི་འཐུས་སྐུ་སྒེར་གྱི་དགོངས་ཚུལ་རེད། གྲོས་ཚོགས་ཀྱི་འགན་དབང་ཡོད་པའི་ཐོག་ནས་དེའི་སྒང་ལ་ཆ་ཤས་ལེན་པ་ཡིན་ནའང་བགྲོ་གླེང་གནང་བ་ཡིན་ན་ཡང་གནང་དགོས་ཀྱི་ཡོད་རེད། ཡིན་ཡང་བཀའ་ཤག་གིས་ག་རེ་ཡིན་པ་དེ་འདིར་བཀོད་བཞག་ཡོད་རེད། གལ་ཏེ་སྐུ་སྒེར་ཞིག་གིས་ང་ལ་བསམ་ཚུལ་འདི་འདྲ་ཡོད། བཀའ་ཤག་གིས་དེའི་སྒང་ལ་གསལ་བཤད་བྱེད་རོགས་གྱིས་ཟེར་བཀའ་ཤག་ལ་བཅར་བ་ཡིན་ནའང་འདྲ། བཀའ་འདྲི་གནང་བ་ཡིན་ན་བཀའ་ཤག་གིས་དབུ་མའི་ལམ་གྱི་སྲིད་བྱུས་ཡིག་ཐོག་ནས་འབུལ་དགོས་ཡོད་ནའང་འདྲ་ངག་ཐོག་ནས་འབུལ་དགོས་ཡོད་ནའང་གསལ་བཤད་བྱེད་ཀྱི་རེད། དེ་ནས་བཀའ་ཤག་སྔོན་མ་དང་བཀའ་ཤག་ད་ལྟ་གཉིས་ལ་ཁྱད་པར་གང་ཡང་ཡོད་མ་རེད། བཀའ་ཤག་སྔོན་མའི་སྲིད་བྱུས་ཡིག་ཐོག་ནས་ཕབ་བཞག་པ་དེ་གཞི་བཞག་པའི་ཐོག་ནས་རྗེས་སུ་བཀའ་ཤག་སྐབས་བཅུ་བཞི་བཅོ་ལྔའི་ནང་ལ་ཡིག་ཆ་བཏོན་བཞག་པ་གཞིར་བཞག་ཐོག་གོ་བདེ་ལོད་དང་རིང་ཐུང་དེ་འདྲ་བཏང་ཡོད་ན་མ་གཏོགས་གཞི་བཞག་ས་ད་ག་རང་ཐོག་འགྲོ་སྡོད་ཀྱི་ཡོད་རེད་”ཅེས་ལན་གནང་སོང་།
དེ་ནས་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ཚོགས་པ་དང་སྒེར་བྱེ་བྲག་པས་བཀའ་ཤག་དང་མ་མཐུན་པའི་འགྲེལ་བཤད་དང་བརྒྱུད་སྤེལ་བྱེད་ཡོང་བའི་སྐབས་སུ། དེས་བཀའ་ཤག་གི་དབུ་མའི་ལམ་གྱི་སྲིད་བྱུས་ལག་བསྟར་ལ་ཕན་གནོད་ག་རེ་འབྱུང་གི་ཡོད་མེད་དང་བཀའ་ཤག་གིས་དེའི་སྐོར་ལ་ལམ་སྟོན་གནང་དགོས་པ་ཆགས་ཀྱི་ཡོད་མ་རེད་དམ་ཞེས་བཀའ་འདྲི་གནང་སྐབས།
སྲིད་སྐྱོང་གིས་ལན་གནང་དོན། “དབུ་མའི་ལམ་ཐོག་ནས་གྲོས་ཚོགས་ནང་ཉི་མ་འགའ་ཤས་རིང་བགྲོ་གླེང་རིམ་པ་བྱུང་སོང་། མི་མང་ནང་ལ་ཡང་གསལ་ཁ་ཐོན་པ་དང་གོ་རྟོགས་བྱུང་བའི་རེ་བ་ཡོད། ད་ལྟ་བཀུར་འོས་སྤྱི་འཐུས་གསུངས་པ་བཞིན་གཞི་རྩའི་ཚོགས་པ་དང་སྒེར་ག་རེ་ཡིན་ཡང་དབུ་མའི་ལམ་རྒྱབ་སྐྱོར་གནང་བ་ཡིན་ན་མ་འགྲིག་པ་ཡོད་མ་རེད། ཡིན་ཡང་དབུ་མའི་ལམ་གྱི་འགྲེལ་བཤད་དེ་ཚོགས་པ་གཅིག་གིས་ཟེར་གྱི་འདུག མི་སྒེར་གྱིས་ཟེར་གྱི་འདུག བཀའ་ཤག་གིས་ཟེར་གྱི་འདུག ང་འཐོམས་སོང་ལབ་ན། འཐོམ་རྒྱུ་རྩ་ནས་ཡོད་མ་རེད། གཞན་སྒེར་དང་ཚོགས་པ་ཡིས་འགྲེལ་བཤད་བརྒྱབ་བཞག་པ་དེ་བཀའ་ཤག་གི་དབུ་མའི་ལམ་དང་འགལ་ཟླ་འགྲོ་གི་ཡོད་ན་ཁོ་རང་ཚོའི་འགྲེལ་བཤད་རང་རེད་མ་གཏོགས་ཐ་མའི་ཐག་གཅོད་དེ་བཀའ་ཤག་གིས་བྱས་བཞག་པ་དེ་རང་རེད། དེ་མི་མང་ཚང་མས་མཁྱེན་དགོས་ཀྱི་རེད་ལ། ང་འཐོམས་སོང་ཟེར་ཡ་ཡོད་མ་རེད་”ཅེས་གསུངས་སོང་།
སྤྱི་འཐུས་ཟླ་བ་ཚེ་རིང་གིས་བོད་རྒྱ་འབྲེལ་མོལ་མཐའ་མ་གང་ཡིན་སྐོར་དྲིས་དོན། “༢༠༡༡ ལོར་སྐུ་ཚབ་གཉིས་ཧོང་ཀོང་ཏུ་ཕེབས་སྐབས། འཛིན་བཀའ་ཤག་ཐོག་ནས་མ་འགྲིག་པ་ཞིག་བྱས་ཏེ། ཕེབས་ཐུབ་ཡོད་པ་མ་རེད་ཟེར་བ་ཞིག་གོ་སོང་། དེ་བདེན་པ་རེད་དམ་”ཞེས་དྲིས་པར། སྲིད་སྐྱོང་གིས། ༢༠༡༠ ལོའི་ཕྱི་ཟླ་དང་པོའི་ནང་སྐུ་ཚབ་གཉིས་མཇལ་འཕྲད་བྱུང་བ་མཐའ་མ་ཡིན་པ་གསལ་པོ་རེད། སྐུ་ཚབ་གཉིས་དགོངས་པ་ཞུ་སྐབས་ཀྱི་གསལ་བསྒྲགས་ནང་དུ་ཡོད་རེད། ཧོང་ཀོང་དུ་ཕེབས་རྒྱུའི་བཀའ་མོལ་བྱུང་ས་ཡོད་པ་རེད། དེ་བཀའ་བློན་ཁྲི་པས་བཀག་རྒྱུ་དང་སྐུམ་རྒྱུ་བྱས་པ་རེད་ཟེར་བ་རྩ་བ་ནས་བདེན་པ་མ་རེད། བཤད་མཁན་དེ་སུ་ཡིན་ནའང་བཀུར་འོས་སྤྱི་འཐུས་ཀྱིས་གྲོས་ཚོགས་ནང་གསུངས་ན་ཡག་པོ་འདུག དེ་དཀྲོག་གཏམ་རེད་”ཅེས་ལན་འདེབས་གནང་སོང་།།
གསར་འགོད་པ་བསྟན་འཛིན་ལམ་བཟང་།