བཀའ་ཤག་སྐབས་བཅོ་ལྔ་པས་༸གོང་ས་མཆོག་ལ་ཐོན་མཇལ་ཞུས།
སྲིད་སྐྱོང་ཟུར་པ་བློ་བཟང་སེང་གེ་དང་ཕྱག་སྦྲེལ་བཀའ་བློན་རྣམ་པས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་༥ ཚེས་༢༨ ཉིན་དྲ་ལམ་བརྒྱུད་བཀའ་ཤག་སྐབས་བཅོ་ལྔ་པའི་སྲིད་སྐྱོང་དང་བཀའ་བློན་རྣམ་པར་དམིགས་བསལ་མཇལ་ཁ་དང་བཀའ་སློབ་བསྩལ་ཡོད་པ་རེད།
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཟུར་པ་བློ་བཟང་སེང་གེ་མཆོག་གིས་གཙོས་བཀའ་ཤག་སྐབས་བཅོ་ལྔ་བའི་བཀའ་བློན་རྣམ་པས་ཧུར་ཐག་གིས་ཞབས་འདེགས་བསྒྲུབས་པར་རྗེས་སུ་ཡི་རངས་དང་། ད་དུང་ཡིན་ཡང་སེམས་ཤུགས་མ་ཆག་པར་མུ་མཐུད་བོད་སྤྱིའི་དོན་དུ་ཞབས་ཞུ་ཧུར་ཐག་གིས་ཞུ་དགོས་སྐོར་དང་། མགོན་པོ་གང་ཉིད་དགུང་ལོ་མཐོན་པོར་ཕེབས་ཡོད་པའི་ཆ་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆིབས་སྒྱུར་བསྐྱང་རྒྱུ་ཉུང་དུ་བཏང་སྟེ་དུས་ཚོད་མང་བ་རྒྱ་གར་དུ་བསྐྱལ་རྒྱུ་ཡིན་སྐོར་གྱི་བཀའ་སློབ་གནང་འདུག
༧གོང་ས་མཆོག་གིས། “ངོས་རང་ལོ་ ༡༡༠ ལྷག་འཚོ་ཐུབ་པའི་སྨོན་ལམ་རྒྱག་གི་ཡོད། ངོས་རང་ཚེ་རིང་པོ་གནས་པ་ཡིན་ན་དེས་གཞིས་བྱེས་བོད་མི་ཡོངས་ལ་ཕན་གྱི་ཡོད་”ཅེས་དང་། སྲིད་སྐྱོང་ཟུར་པ་བློ་བཟང་སེང་གེས་འདས་པའི་ལས་ཡུན་ལོ་བཅུའི་རིང་ཕྱག་ལས་ཧུར་ཐག་གནང་ཡོད་པས་རྗེས་སུ་ཡིད་རངས་དང་། རྒྱ་གར་གྱི་ནཱ་ལེནྡྲའི་གནའ་བོའི་རིག་གཞུང་དེ་དག་དེང་དུས་སྤྱི་ཚོགས་ནང་དགོས་མཁོ་ཡོད་པ་ཞིག་ཆགས་ཡོད་སྟབས། སྲིད་སྐྱོང་ཟུར་པ་བློ་བཟང་སེང་གེས་དེའི་ཐད་ཐུགས་ཁུར་མང་ཙམ་བཞེས་དགོས་པ་སོགས་ཀྱི་སྐོར་བཀའ་སློབ་གནང་རྗེས། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བརྒྱུད་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཟུར་པ་བཀའ་ཤག་སྐབས་བཅོ་ལྔ་པའི་བཀའ་ཟུར་རྣམ་པར་སྟོན་པའི་སྐུ་བརྙན་རེ་གནང་ཡོད་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།