བཀྲ་ཤིས་དབང་ཕྱུག་གློད་གྲོལ་དགོས་པའི་ལས་འགུལ།

ཟླ་འདིའི་ཕྱི་ཚེས་༢༧ ཉིན་གྱི་སྔ་དྲོར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་སྒོ་ཆེན་གྱི་འཁྲིས་སུ། བོད་རང་བཙན་སློབ་ཕྲུག་ཚོགས་པས། བོད་ནང་གི་སྐད་ཡིག་སློབ་གསོ་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ནས་མི་ལོ་ཧྲིལ་པོ་༡ འཁོར་བའི་ཉིན་མོ་དང་སྟབས་བསྟུན་ཏེ། མིང་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་སོང་ལ། མིང་རྟགས་བསྡུ་རུབ་བྱས་པ་རྣམས་རྒྱ་ནག་ཏུ་ཡོད་པའི་འཛམ་གླིང་རྒྱལ་ཁབ་ཁག་གི་གཞུང་ཚབ་ཁང་དུ་སྤྲོད་རྒྱུ་རེད་འདུག

16343753_312441929157869_22325949_nསྐབས་དེར་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ཚེ་ལྷས་“དེ་རིང་གི་ཉིན་མོ་འདི་བཀྲ་ཤིས་དབང་ཕྱུག་ལགས་འཛིན་བཟུང་བྱས་ནས་མི་ལོ་ཧྲིལ་པོ་གཅིག་འཁོར་བའི་ཉིན་མོ་རེད། བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་བོད་ནང་དུ་སྐད་ཡིག་གི་སྐོར་ལ་ལས་འགུལ་ཤུགས་ཆེན་པོ་ཞིག་སྤེལ་ཐབས་བྱས་ཡོད་རེད། ཁོང་གིས་ལས་འགུལ་དེ་རྒྱ་ནག་གི་ཁྲིམས་དང་མཐུན་པ་ཞིག་ཡིན་ཡང་། རྒྱ་གཞུང་གིས་ཁྲིམས་ལ་མ་བརྩིས་ནས་ཁོང་ལ་ཁ་བྲལ་རིང་ལུགས་ཀྱི་སྐྱོན་འཛུགས་བྱས་ཏེ་བཀག་ཉར་བྱས་ཡོད་རེད། དེས་རྒྱ་ནག་གཞུང་གིས་ཁོ་རང་ཚོའི་ཁྲིམས་ལ་ཁོ་རང་ཚོས་ཆེ་མཐོང་བྱེད་ཀྱི་མེད་པ་བསྟན་གྱི་ཡོད་རེད། ཛ་དྲག་ཆེ་ཤོས་གཅིག་དེ་བཀྲ་ཤིས་དབང་ཕྱུག་ལགས་འཛིན་བཟུང་བྱས་ནས་ལོ་གཅིག་འཁོར་གྱི་ཡོད་རེད། ཐོག་མའི་བདུན་ཕྲག་གཅིག་གི་རིང་ལ་ནང་མི་ཚོས་ཀྱང་གར་ཡོད་མ་ཤེས་པ་བྱུང་ཡོད་རེད། དེའི་ཁར་ད་ལྟ་ཁྲིམས་ཞིབ་བྱེད་བཞིན་པ་ཡིན་དུས། ང་ཚོས་གང་ཐུབ་ཀྱིས་ལས་འགུལ་མ་སྤེལ་ན་ལོ་༡༥ ཡི་བཙོན་འཇུག་ཁྲིམས་གཅོད་བྱ་རྒྱུའི་ཉེན་ཁ་ཡོད་རེད། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་དེར་སེམས་འཚབ་ཆེན་པོ་བྱུང་སྟེ། ནིའུ་ཡོག་དང་ཊོ་རོན་ཊོ་ས་གནས་སུ་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་སྐད་འབོད་ལས་འགུལ་སྤེལ་གྱི་ཡོད་རེད་ལ། འདི་ནས་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་གྱི་ཡོད། དྲ་རྒྱའི་ཐོག་ནས་ཀྱང་མཚན་རྟགས་བསྡུ་རུབ་བྱེད་ཀྱི་ཡོད་“ ཅེས་བརྗོད་སོང་ལ། ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་བཀྲ་ཤིས་དབང་ཕྱུག་ལགས་འཕྲལ་དུ་གློད་གྲོལ་དགོས་པའི་འབོད་སྐུལ་ཡང་ཞུས་སོང་།

སྐད་ཡིག་སློབ་གསོ་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ནི། ད་ལྟ་རང་ལོ་༣༡ ཡིན་པ་དང་། ཁོང་གིས་ཨ་རིའི་ནིའུ་ཡོག་དུས་བབ་ཐོག་བརྙན་ཐུང་ཞིག་ནང་། བོད་ནང་གི་བོད་མི་ཚོར་སོ་སོའི་ཕ་མེས་ཀྱི་སྐད་ཡིག་སྦྱོང་རྒྱུའི་ཐོབ་ཐང་དགོས་པ་བརྗོད་ནས་རྒྱུན་རིང་པོ་མ་འགོར་བར། སྔ་ལོའི་ཕྱི་ཟླ་༡ པོའི་ཕྱི་ཚེས་༢༧ ཉིན་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་འདུག

ཉེ་ཆར་ཟླ་འདིའི་ཕྱི་ཚེས་༡༨ ཉིན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་དང་། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་གཉིས་ཀྱིས་བཀྲ་ཤིས་དབང་ཕྱུག་གི་ཁྲིམས་རྩོད་པ་དང་ནང་མི་ཚོ་བཀྲ་ཤིས་དབང་ཕྱུག་ལ་ཐུག་འཕྲད་བྱེད་དུ་འཇུག་དགོས་པ་དང་། བཀྲ་ཤིས་དབང་ཕྱུག་ལ་སྨྲ་བརྗོད་རང་དབང་གི་ཐོབ་ཐང་ཡོང་ཕྱིར་རྒྱ་ནག་གཞུང་གིས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ཁོང་མྱུར་དུ་ཀློད་དགོས་པའི་ཛ་དྲག་གི་འབོད་སྐུལ་གསལ་བསྒྲགས་ཤིག་སྤེལ་ཡོད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།