བཀྲ་ཤིས་ཚེ་རིང་ལ་ལམ་ཕྱེད་རྒྱང་རྒྱུག་འགྲན་བསྡུར་ཁྲོད་ཨང་དང་པོའི་བྱ་དགའ་ཐོབ།

བཀྲ་ཤིས་ཚེ་རིང་གིས་ལམ་ཕྱེད་རྒྱང་རྒྱུག་འགྲན་བསྡུར་གྱི་ཁྲོད་ཨང་དང་པོའི་བྱ་དགའ་བླངས་ཡོད་པ་མ་ཟད། ལམ་ཕྱེད་རྒྱང་རྒྱུག་འགྲན་བསྡུར་གྱི་ཟིན་ཐོ་གསར་པ་བཀོད་འདུག

ཉེ་ལམ་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཚེས་༡༥ ཉིན་གཉེར་བའི་ཕྱི་ལོ་༢༠༢༤ ་ལོའི་རྒྱ་ནག་རྒྱལ་ཡོངས་ཀྱི་ལམ་ཕྱེད་རྒྱང་རྒྱུག་(Half marathon Championships) ་གི་ལེགས་སྐྱེས་འགྲན་བསྡུར་སྐབས། འགྲན་བསྡུར་ནང་མཉམ་ཞུགས་གནང་མཁན་བོད་མི་བཀྲ་ཤིས་ཚེ་རིང་གིས་ཆུ་ཚོད་༡ ་དང་སྐར་མ་༡ ་སྐར་ཆ་༥༧ ་གྱི་ཐོག་ནས་འགྲན་བསྡུར་གྱི་ཨང་དང་པོ་བླངས་ཏེ་རྒྱལ་ཡོངས་ཀྱི་སྐྱེས་པའི་ལམ་ཕྱེད་རྒྱང་རྒྱུག་འགྲན་བསྡུར་ཞེས་པའི་ཟིན་ཐོ་གསར་པ་བཀོད་ཡོད་འདུག

བཀྲ་ཤིས་ཚེ་རིང་ནི་ལོ་༢༡ ཡིན་ཞིང་། ཁོང་གིས་རང་ནུས་གང་ཡོད་བཏོན་ཏེ་ཆུ་ཚོད་༡་དང་སྐར་མ་༡་དང་སྐར་ཆ་༥༧་གྱི་མི་སྒེར་གྱི་གྲུབ་འབྲས་བཟང་པོའི་ཐོག་ནས་འགྲན་བསྡུར་གྱི་ཨང་དང་པོའི་བྱ་དགའ་བླངས་པ་དང་འབྲེལ། རྒྱང་རྒྱུག་པ་ཕེང་ཅན་ཧྭ་(Peng Jianhua) ཟེར་བ་དེས་རྒྱུན་འཁྱོངས་བྱས་པའི་ཆུ་ཚོད་༡ ་དང་སྐར་མ་༢ ་དང་སྐར་ཆ་༣༠་ལས་རྣམ་པར་རྒྱལ་ཏེ་རྒྱལ་ཡོངས་ཀྱི་ལམ་ཕྱེད་རྒྱང་རྒྱུག་འགྲན་བསྡུར་ཟེར་བའི་ཟིན་ཐོ་གསར་པ་བཀོད་ཡོད་འདུག
ཐེངས་དེའི་འགྲན་བསྡུར་ཁྲོད་རྒྱ་ནག་དང་རྒྱལ་ཁབ་གཞན་ནས་ཀྱང་གྲགས་ཅན་རྒྱང་རྒྱུག་པ་མང་པོ་མཉམ་ཞུགས་བྱས་ཡོད་འདུག་པ་མ་ཟད། ལམ་ཐག་རིང་ཐུང་སྤྱི་ལེ་༢༡ ཡོད་འདུག འགྲན་བསྡུར་གྱི་ཁྲོད་བཀྲ་ཤིས་ཚེ་རིང་ལ་ཨང་དང་པོའི་རྟགས་མ་དང་བྱ་དགའ་ཐོབ་པ་མ་ཟད། ཟིན་ཐོ་གསར་པ་བཀོད་པའི་ལེགས་སྐྱེས་སུ་རྒྱ་སྒོར་ཁྲི་༢༠ ཡི་བྱ་དགའ་ཐོབ་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།