ཆེད་བརྗོད།
ཕྱི་ཟླ་༤ ཚེས་༨ ཉིན་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་སྦོ་ལུག་པ་རེད་ཅེས་གསུངས་པ་བཞིན། ད་ལྟའི་ཆར་དོན་དངོས་སུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཞི་འཛིན་ས་གཏན་ནས་མེད་པར་གྱུར་པ་རེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་སྤྱི་འཐུས་ལྷན་ཚོགས་ནས་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམས་འཕོ་འགྱུར་བཏང་ཟིན་པ་ཞིག ཁྲིམས་མཐུན་གྱི་བརྒྱུད་རིམ་གང་ཡང་མ་བརྒྱུད་པར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རྩིས་མེད་རྡོག་རོལ་བཏང་སྟེ་ངན་ཤེད་ཀྱིས་ཁྲིམས་ཞིབ་ཁང་དུ་སླེབས་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་འཕར་མ་འཚོགས་མ་ཐུབ་པར་བརྟེན། བཅའ་ཁྲིམས་ལ་བསྐྱར་བཅོས་ཞུ་རྒྱུའི་གོ་སྐབས་གང་ཡང་མ་བྱུང་བས། བདམས་ཐོན་སྲིད་སྐྱོང་དང་། བར་བརྒལ་ཚོགས་གཙོ། སྤྱི་འཐུས་རྣམ་པ། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། བཀའ་བློན་རྣམ་པ་བཅས་ཁྲིམས་མཐུན་གྱི་ཐོག་ནས་དམ་འབུལ་ཞུ་རྒྱུའི་ལམ་ཁ་ཡོངས་སུ་འགག་ཟིན་པ་རེད།
བཅའ་ཁྲིམས་སྦོ་ལུག་ཅེས་པ་དེ་བཅའ་ཁྲིམས་དང་མཐུན་དང་མི་མཐུན་གྱི་རྩོད་གླེང་བྱུང་བ་ཙམ་གྱིས་སྦོ་ལུག་པ་ཞིག་མ་རེད་ལ། གཞུང་འབྲེལ་གྱི་ལས་དོན་གལ་གནད་ཆེན་པོ་མང་དག་ཅིག་བཅའ་ཁྲིམས་དང་མཐུན་པ་བྱས་ནས་འགྲོ་རྒྱུའི་ལམ་ཁ་མེད་པ་ཆགས་པའི་ཉིན་མོ་ནས་བཟུང་བཅའ་ཁྲིམས་དངོས་སུ་སྦོ་ལུག་པ་རེད། རྒྱ་ཆེའི་མི་མང་གིས་བདམས་པའི་སྲིད་སྐྱོང་ལ་མཚོན་ནའང་། ཁྲིམས་མཐུན་གྱི་ཐོག་ནས་དམ་འབུལ་ཞུ་ས་ཞིག་ཡོད་དགོས་པ་དང་། ཁྲིམས་མཐུན་གྱི་ཐོག་ནས་ལས་དོན་འགོ་འཛུགས་ཐུབ་པའི་ཁོར་ཡུག་ཅིག་བོད་མིའི་སྒྲིག་འཛུགས་ཀྱི་ལས་སྣེ་རྣམ་པས་བསྐྲུན་དགོས་པ་ཞིག་ཡིན་པ་མ་ཟད། ལྷག་པར་དུ་ཁོང་ལ་མངོན་གསལ་དོད་པོས་རྒྱབ་སྐྱོར་བྱེད་མཁན་རྣམས་ཀྱི་ངོས་ནས་དེ་བས་ཀྱང་ཁོར་ཡུག་དེ་བསྐྲུན་པར་འགལ་རྐྱེན་གཏོང་མི་རུང་བ་ནི། ཆབ་སྲིད་འགྲོ་སྟངས་རང་གི་ཐོག་ནས་གལ་ཆེན་པོ་ཞིག་ཏུ་གྱུར་ཡོད། སྲིད་སྐྱོང་ལ་མཚོན་ན་འོས་འདེམས་བྱེད་པའི་སྐབས་སུ་རྒྱབ་སྐྱོར་བྱེད་ཡུལ་མི་འདྲ་བ་ཡོད་ནའང་། བདམས་ཟིན་པའི་རྗེས་སུ་བོད་མི་ཡོངས་ཀྱི་སྲིད་སྐྱོང་ཞིག་ཏུ་ངོས་འཛིན་བྱེད་དགོས་པ་རེད།
ད་ལྟ་བཙན་བྱོལ་བོད་པའི་སྤྱི་ཚོགས་འདི་ཁྲིམས་ཀྱི་དབང་བསྒྱུར་ནས་གང་ཟག་གི་དབང་བསྒྱུར་དུ་དངོས་སུ་བསྐྱོད་འགོ་ཚུགས་པ་དང་། དེ་ཡང་གཙོ་བོ་ཟུར་པ་རྣམ་པ་ནི་ལས་ཐོག་ལས་ཀྱང་ཤུགས་ཆེ་རུ་སོང་ཡོད་པ་འདིའི་ཐོག་ནས། ད་ལྟའི་ལས་ཐོག་སྲིད་སྐྱོང་ལ་དཀའ་ངལ་མང་པོ་ཞིག་འཕྲད་མྱོང་ལ། ད་ལྟ་བདམས་ཐོན་སྲིད་སྐྱོང་གི་མ་འོངས་པའི་ལོ་ལྔའི་ནང་དེ་ལས་ལྷག་པའི་དཀའ་ངལ་མང་དག་ཅིག་ལ་གདོང་ལེན་བྱེད་དགོས་ཐུག་ངེས་རེད། གང་ལྟར་བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་མཚོན་ན་༧གོང་ས་མཆོག་ཞལ་བཞུགས་པའི་སྐབས་འཐོར་ཞིག་ཏུ་འགྲོ་བའི་དཀའ་ངལ་ཆེན་པོ་འཕྲད་མི་སྲིད་ཀྱང་། མ་འོངས་པར་རེ་བ་རྒྱག་ས་གཙོ་བོ་མང་གཙོའི་ལམ་ལུགས་དང་། དེ་དང་འབྲེལ་བའི་ཁྲིམས་ལུགས་ཁག་ཡིན་དགོས། འོན་ཀྱང་ད་ནི་ཁྲིམས་མེད་ལུགས་མེད་དུ་གྱུར་པའི་ཉིན་མོ་འདི་ནས་བཟུང་དམག་དཔུང་དང་། ཉེན་རྟོག་པ། བཙོན་ཁང་བཅས་གང་ཡང་མེད་པའི་བཙན་བྱོལ་སྒྲིག་འཛུགས་ཤིག་ལ་མཚོན་ན། ཕན་ཚུན་ལྟོས་མེད་ཁོ་ན་བྱེད་དགོས་བྱུང་དུས་རྒྱུན་རིང་གནས་མི་ཐུབ་པར་འཐོར་ཞིག་ཏུ་འགྲོ་ངེས་རེད།
དོན་དངོས་སུ་གཞུང་ཞབས་ཟུར་པ་ཁག་ཅིག་གིས་བོད་པ་ནང་ཁུལ་དུ་འཛིན་པའི་བསམ་བློ་དང་། དེ་དང་འབྲེལ་བའི་གཏམ་གླེང་ཁག་མཐོང་སྐབས་སྤྱི་ཡོངས་ནས་སྐྱི་གཡའ་དགོས་པའི་གནད་དོན་མང་པོ་ཡོད་ལ། བྱ་སྔོན་མས་རྒུམ་བུ་ཇི་ལྟར་ཐུས་པ་བཞིན། བྱ་རྗེས་མས་ཀྱང་རྒུམ་བུ་དེ་ལྟར་འཐུ་ངེས་ཡིན་པའི་འགྲོ་སྟངས་ལ་བསམ་བློ་བཏང་ན། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་པ་རྣམས་ཀྱི་བསམ་བློའི་ཁ་ཕྱོགས་གསལ་པོ་མཐོང་ཐུབ་པ་ལྟ་བུར་གྱུར་ཡོད། གང་ལྟར་བོད་པའི་ཁ་རྒྱུན་དུ་གཞུང་ཞབས་རྣམས་སྒྲིག་འཛུགས་ཀྱི་སྒལ་ཚིགས་ལྟ་བུ་ཡིན་པའི་ཤོད་རྒྱུན་ཡོད་ལ། མི་ཞིག་གི་གཟུགས་པོའི་ཆ་ཤས་ཀྱི་ཐོག་ནས་གལ་ཆེ་ཤོས་དེ་སྒལ་ཚིགས་ཡིན་པ་དེ་ཡང་དོན་དངོས་རེད། སྒལ་ཚིགས་ཀྱི་གནས་བབས་ཐོག་ནས་ཡིད་ཆེས་ཆོག་པ་ཞིག་མེད་ཚར་བའི་རྗེས། སྲིད་སྐྱོང་དང་བཀའ་བློན། སྤྱི་འཐུས་སོགས་ཆབ་སྲིད་མི་སྣ་རྣམས་ནི་དུས་ནས་དུས་སུ་འགྱུར་བ་འགྲོ་བཞིན་ཡོད་པས། ཆབ་སྲིད་མི་སྣ་རེ་ཟུང་ཞིག་གིས་སྒྲིག་འཛུགས་ཀྱི་གནས་བབས་སྲུང་སྐྱོབ་རྒྱུན་རིང་བྱེད་པའི་ནུས་པ་དེ་རྒྱ་ཆེན་པོ་ཞིག་མེད་པ་དེ་དོན་དངོས་སུ་གྱུར་ཡོད།
མདོར་ན་རྒྱ་གཞུང་གིས་མི་བརྒྱུད་ནས་བཙན་བྱོལ་བོད་པའི་སྤྱི་ཚོགས་དཀྲུག་ཐབས་བྱས་པ་དང་། ནད་ཡམས་ལ་བརྟེན་ནས་ཀྱང་བཙན་བྱོལ་བོད་པའི་སྤྱི་ཚོགས་འདི་ཉིད་ཁ་ཕྱོགས་གཏན་ནས་མེད་པ་ཞིག་ཏུ་གྱུར་སོང་། འོན་ཀྱང་བོད་པ་ནང་ཁུལ་དུ་ཁ་གཏད་དང་མཛུབ་མོ་འཛུགས་རེས་ཁོ་ན་བྱེད་པ་མ་ཟད། ནང་ཁུལ་དུ་ངན་པ་ཁ་མཐུན། རྐུན་རྒྱབ་ཇག་ལང་། ཁྱི་སྤྱང་ངན་འབྲེལ་ཞེས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོའི་མིང་ཡོད་མཁན་རྣམས་ལ་ཚིག་ངན་མང་པོ་བེད་སྤྱོད་བཏང་ཡོད་པ་ལྟ་བུ་ཞིག བོད་ས་བཙན་འཕྲོགས་དང་། བོད་ཡུལ་བཙན་བཟུང་བྱེད་མཁན་རྒྱ་དམར་གཞུང་ལ་བེད་སྤྱོད་གཏོང་མྱོང་མེད་པ་མ་ཟད། ནང་ཁུལ་དུ་ཡོད་པའི་འཁོན་འཛིན་འདི་ལྟ་བུ་ཞིག་རྒྱ་དམར་གཞུང་ལའང་མེད་ངེས་རེད་འདུག་སྙམ་པའི་བློ་ཕམ་བྱེད་མཁན་ཡང་མང་པོ་འདུག དེར་བརྟེན་ཁྲིམས་མེད་ལུགས་མེད་དུ་གྱུར་ཟིན་པའི་དུས་ཚོད་འདི་ནས་མ་འོངས་པར་ང་ཚོ་བཙན་བྱོལ་བོད་མི་རྣམས་ལ་རེ་བ་གསར་པ་ཞིག་ཕལ་ཆེར་གང་ཡང་མེད་པ་ལྟ་བུར་གྱུར་ཡོད་པས། འདི་བཅོས་ཐུབ་པའི་ཐབས་ལམ་གཞན་པ་ཞིག་ཡོད་སྲིད་དམ།།