བཅའ་ཁྲིམས་བསྐྱར་བཅོས་ཀྱི་གལ་གནད།

ཆེད་བརྗོད།
ཉེ་ཆར་ཕྱི་ཟླ་གསུམ་པའི་སྔོན་རྩིས་གྲོས་ཚོགས་ནང་བཀའ་ཤག་གིས་ཁུར་ཡོང་བའི་གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཡིག་ཆ་ཨང་༡༩ པ་དང་། སྤྱི་འཐུས་རྒྱུན་ལས་ཀྱིས་ཁུར་ཡོང་བའི་གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཡིག་ཆ་ཨང་༢༠ པ་གཉིས་གཏན་འབེབས་བྱེད་ཐུབ་མེད་པ་དང་། བཅའ་ཁྲིམས་བསྐྱར་བཅོས་གཉིས་ཀྱི་ནང་ནས་ཡིག་ཆ་༢༠ པ་མ་འོངས་པར་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་བཅས་འདེམས་ཐོན་བྱུང་འཕྲལ་བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་དམ་བཅའ་འབུལ་ཡུལ་ཁྲིམས་ཞིབ་པ་ཆེ་བ་མེད་པའི་སྐབས་དམ་བཅའ་འབུལ་ཆོག་པའི་ལམ་ཁ་བཟོ་རྒྱུ་དེ་ཡིན་ནའང་། ད་ལན་གྲོས་ཚོགས་ནང་གཏན་འབེབས་བྱེད་ཐུབ་མེད། ཡིག་ཆ་ཨང་༡༩ པ་ཁྲིམས་ཞིབ་པའི་འོས་ཆོས་སྐོར་ཡིན་པས། མ་འོངས་པར་བསྐྱར་བཅོས་བྱེད་དགོས་ཐུག་ངེས་ཡིན་སྲིད་ཀྱང་། ད་ལན་གྲོས་ཚོགས་ནས་འདི་གཏན་འབེབས་བྱེད་ཐུབ་པ་ཙམ་གྱིས་ད་ལྟ་འཕྲད་བཞིན་པའི་དཀའ་ངལ་དེ་སེལ་ཐུབ་པ་ཞིག་གཏན་ནས་མིན།
དེའི་རྒྱུ་མཚན་ནི། ད་ལན་ཁྲིམས་ཞིབ་པའི་འོས་ཆོས་ལ་འགྱུར་བ་སོང་ཡོད་པའི་དབང་དུ་བཏང་ཡང་། བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་ད་ལྟའི་ཆར་དང་པོ་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་དང་། སྲིད་སྐྱོང་བཅས་ལྷན་འཛོམས་ཀྱིས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་ཚོགས་ཆུང་གི་མི་འགྲོ་གསུམ་མམ་ལྔ་ཡོད་པའི་ཚོགས་ཆུང་ཞིག་བསྐོ་དགོས་པ་དང་། ཚོགས་ཆུང་གི་ཚོགས་མི་རྣམས་འཛོམས་ནས་འོས་མི་འཚོལ་ཞིབ་དང་འབྲེལ་གཏུག་བརྒྱུད་གཏན་འབེབས་གྲུབ་མཚམས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་འོས་བསྡུའི་ལམ་ནས་འདེམས་དགོས་པས། ད་ལན་ཚོགས་དུས་འདིའི་སྐབས་དེ་ལྟ་བུའི་དུས་ཡུན་རིང་པོ་མེད་པ་དང་། ཁྲིམས་འཆར་འདོན་སྐབས་དཔལ་ལྡན་སྲིད་སྐྱོང་གིས་ཀྱང་ལོ་འདིའི་ཕྱི་ཟླ་༩ པའི་ལས་བསྡོམས་གྲོས་ཚོགས་ནང་ཁྲིམས་ཞིབ་པ་འོས་འདེམས་བྱ་རྒྱུ་ལས་ཐབས་ལམ་གཞན་མེད་སྐོར་འགྲེལ་བརྗོད་གནང་བ་ལྟར་ལས། དུས་ཐུང་ནང་ཁྲིམས་སྒྲིག་གི་དགོངས་བཞིན་བརྒྱུད་རིམ་དེ་དག་ཆ་ཚང་འགྲུབ་ཐུབ་པ་ཞིག་གཏན་ནས་མིན།
ད་ལྟ་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཅེས་པ་དེ་བཅའ་ཁྲིམས་དང་མཐུན་མིན་གྱི་ཀླན་ཀ་ཧ་ཅང་ཆེན་པོ་ཡོད་པ་དང་། གལ་སྲིད་ད་ལྟའི་ཁྲིམས་ཞིབ་པ་ཆེ་བ་ལས་ཚབ་ཅེས་པ་དེ་བཅའ་ཁྲིམས་དང་ཡོངས་སུ་མཐུན་མཁན་ཞིག་ཡིན་པའི་དབང་དུ་བཏང་ཡང་། ཕྱི་ཟླ་༦ པའི་ཟླ་མཇུག་ནས་དུས་ཡུན་རྫོགས་འགྲོ་བས་ཕྱི་ཟླ་༩ པའི་གྲོས་ཚོགས་ནང་ཁྲིམས་ཞིབ་པ་ཆེ་བ་གསར་འདེམས་བྱས་ཀྱང་དམ་འབུལ་ཞུ་ཐབས་གཏན་ནས་མེད། ཟླ་འདིའི་ཟླ་མཇུག་དུས་ཡུན་རྫོགས་པའི་རྩིས་ཞིབ་སྤྱི་ཁྱབ་པའི་ཚབ་གསར་འདེམས་མི་ཐུབ་པ་དང་། གསར་འདེམས་ཐུབ་ཀྱང་དམ་བཅའ་འབུལ་ཡུལ་མེད། སྤྱིར་རྩིས་ཞིབ་སྤྱི་ཁྱབ་པ་འཕོ་འགྱུར་བྱུང་བའམ་ལས་འཁུར་ཡུན་ཚད་གཙང་སྟེ་ལས་འཁྱུར་ཟིན་རྗེས་བཅས་ལ་ཚབ་གསར་བསྐོ་གཞག་མ་བྱུང་བ་སོགས་ཀྱི་སྐབས་རྩིས་ཞིབ་སྙན་ཐོ་དང་རྩིས་ཤོག་བཅས་པར་གཤམ་འོག་དྲུང་ཆེའམ་དྲུང་འཕར་གང་རུང་ལ་མཚན་རྟགས་འགོད་ཆོག་པའི་འགན་དབང་ཁྱབ་བསྒྱུར་ཆོག་ཀྱང་། བཀའ་ཤག་དང་བདེ་སྲུང་གི་གསང་རྩིས་ལ་རྩིས་ཞིབ་སྤྱི་ཁྱབ་པ་མ་གཏོགས་གཞན་སུས་ཀྱང་རྩིས་ཞིབ་བྱེད་མི་ཆོག
རྩིས་ཞིབ་ལས་ཁང་གི་ངོས་ནས་ལོ་ལྟར་ཕྱི་ཟླ་༣ པའི་ཚེས་༣༡ རྩིས་མཚམས་མཇུག་བསྡོམས་གྲུབ་རྗེས་ལོ་རེའི་འབབ་གྲོན་རྩིས་ཞིབ་ངེས་ཅན་གྱིས་མཇུག་བསྡོམས་ཁ་ཤོག་བཅས་དངུལ་རྩིས་ལོ་མཇུག་བསྡོམས་ཟིན་པའི་དུས་ཚེས་ནས་ཟླ་གྲངས་བདུན་ནང་གྲུབ་པར་བྱས་ཏེ། དག་མཆན་འཁོད་པའི་རྩིས་ཁྲ་དང་། རྩིས་ཞིབ་སྙན་ཐོ་བཅས་འབྲེལ་ཡོད་ལས་ཁུངས་སོ་སོར་ཕྱིར་སྤྲོད་དགོས་རྒྱུ་དང་། དེའི་ངོ་བཤུས་སྤྱི་འཐུས་ལྷན་ཚོགས་དང་བཀའ་ཤག་ཏུ་འབུལ་དགོས་པ་ཁྲིམས་སྒྲིག་གི་དགོངས་དོན་ཡིན། རྩིས་ཞིབ་སྤྱི་ཁྱབ་པ་མེད་ཚེ་གསང་རྩིས་དང་འབྲེལ་བའི་རྩིས་ཁྲ་ཁག་ལ་རྩིས་ཞིབ་བྱེད་མི་ཆོག་པར་བརྟེན། གནད་དོན་འདིའི་ཐོག་ནས་མ་འོངས་པར་དཀའ་ངལ་མང་དག་ཅིག་འཕྲད་ངེས་རེད། དོན་དངོས་ཐོག་ལས་ཁུངས་དང་སྡེ་ཚན་གཞན་གྱི་རྩིས་ཁྲ་ཁག་དང་མི་འདྲ་བར། བཀའ་ཤག་དང་བདེ་སྲུང་གི་གསང་རྩིས་ནི་རྩིས་ཁྲ་གཞན་ལྟར་ཕྱི་གསལ་ནང་གསལ་བྱེད་མི་ཆོག་པས། འདི་ལ་རྩིས་ཞིབ་བྱེད་མཁན་མེད་ཚེ་དོགས་པ་ཆེན་པོ་ཟ་དགོས་པའི་གནས་ཚུལ་ཡང་འབྱུང་མི་སྲིད་པ་མིན།
མདོར་ན་ཉེ་ཆར་གྲོས་ཚོགས་ནང་ཁྲིམས་སྒྲིག་བསྐྱར་ཞིབ་ཚོགས་ཆུང་ཞིག་འཛུགས་གཏན་ཁེལ་ཡོད་ཀྱང་། ཐོག་མ་ཚོགས་གཙོ་ཚོགས་གཞོན་གཉིས་ལ་ཚོགས་ཆུང་གི་མི་འགྲོ་ཚད་ལྡན་མི་རག་པའི་དཀའ་ངལ་ཡོད་པ་དང་། ཚོགས་ཆུང་གི་ངོས་ནས་ཁྲིམས་སྒྲིག་ཁག་ལ་བསྐྱར་ཞིབ་བྱས་ནས་ཁྲིམས་སྒྲིག་བསྐྱར་ཞིབ་ཀྱིས་ཁྲིམས་འཆར་ཁག་ལོ་གཅིག་གི་རྗེས་སམ། གལ་སྲིད་ལོ་འདིའི་ཕྱི་ཟླ་༩ པའི་ནང་བསྐྱར་བཅོས་རེ་ཟུང་སླེབས་ཐུབ་པའི་དབང་དུ་བཏང་ཡང་། ཕྱི་ཟླ་༣ པ་དང་གནད་དོན་གཅིག་མཚུངས་ཡིན་པ་དང་། བསྐྱར་བཅོས་གནང་མཁན་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱང་གཅིག་མཚུངས་ཡིན་པས་བསྐྱར་བཅོས་འགྲོ་རྒྱུའི་རེ་བ་ཧ་ཅང་ཕྲ། ཉེ་ཆར་བཅའ་ཁྲིམས་བསྐྱར་བཅོས་ཡིག་ཆ་ཨང་༡༩ པ་དང་༢༠ པ་གཉིས་གཏན་འབེབས་ཐུབ་ཡོད་པའི་དབང་དུ་བཏང་ན། དེའི་རྗེས་འབྲེལ་གྱི་ཁྲིམས་སྒྲིག་བསྐྱར་ཞིབ་ཚོགས་ཆུང་བཙུགས་པ་ཡིན་ན་ལས་དོན་ལ་གྲུབ་འབྲས་ཐོན་སྲིད་ཀྱང་། ད་ལན་ཚོགས་ཆུང་གི་ངོས་ནས་གྲུབ་འབྲས་ཆེན་པོ་ཞིག་ཐོན་མི་སྲིད་པ་ལྟ་བུར་གྱུར་ཡོད།།