བཅོམ་ལྡན་འདས་ཁྱབ་འཇུག་གི་སྤྲུལ་པ་རེད་ཅེས་༧གོང་ས་མཆོག་གིས་གསུང་ཡོད་པ་མ་རེད།

ཟླ་འདིའི་ཚེས་༩ ཉིན་གྱི་ཕྱི་དྲོར་རྡོར་གདན་དུས་འཁོར་དབང་ཆེན་སྐབས་ཀྱི་གསར་འགོད་ལྟེ་གནས་ཁང་དུ་དུས་དབང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་དང་། འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་གཉིས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཡོད་པ་རེད།

15970823_1206895069388944_1592485112_nགོ་སྒྲིག་ཚོགས་ཆུང་གི་ངོས་ནས་དེ་སྔའི་གསར་འགོད་ལྷན་ཚོགས་སྐབས་ང་ཚོས་ཆོས་ཞུ་བ་འབུམ་གཅིག་དང་ཕྱེད་ཀ་ནས་གཉིས་བར་འབྱོར་རྒྱུའི་ཚོད་དཔག་བྱས་ཡོད། ད་ལྟ་ཆོས་ཞུ་བ་ཉིན་རེ་བཞིན་ཇེ་མང་དུ་འབྱོར་བཞིན་ཡོད་པ་དང་། གྲངས་ཐོ་ཆེད་མཁས་མི་སྣས་ཚོད་དཔག་གནང་བ་ལྟར་ན་ཆོས་ཞུ་བ་འབུམ་གཉིས་ཟིན་ཡོད་སྐོར་དང་། ད་ལྟ་བདེ་སྲུང་ལས་ཁུངས་ཀྱི་དེབ་འགོད་བྱས་པའི་ནང་བཞི་ཁྲི་བརྒྱད་སྟོང་ལྷག་ཙམ་ལས་མེད། དེའི་ཁོངས་དཔུང་རྟགས་མཁོ་བའི་རིགས་མ་གཏོགས་སྤྱིར་བཏང་མི་མང་གཞན་གྲངས་ཐོའི་ནང་ཚུད་མེད་པ་དང་། དེ་བཞིན་ཕྱིའི་རྒྱལ་ཁབ་ཁག་༨༠ ཞུས་ཡོད་པ་དེ་ད་ཆ་༩༠ གོ་གྲངས་ཆགས་ཀྱི་ཡོད་སྐོར་གསུངས་སོང་།

དེ་བཞིན་ཆོས་དོན་བཀའ་བློན་གྱིས་སྟོན་པ་བཅོམ་ལྡན་འདས་ཁྱབ་འཇུག་གི་སྤྲུལ་བ་ཡིན་པ་གསུངས་མེད་སྐོར་འགྲེལ་བརྗོད་གནང་དོན། “ཐེངས་འདིའི་གསུང་ཆོས་སྐབས་༧གོང་ས་མཆོག་གིས་སྟོན་པ་བཅོམ་ལྡན་འདས་ཁྱབ་འཇུག་གི་སྤྲུལ་པ་རེད་ཅེས་བཀའ་བསྩལ་ཡོད་སྐོར་གྱི་གནས་ཚུལ་རྒྱ་གར་གསར་ཤོག་ཁག་གཅིག་ནང་ཐོན་སྟབས། རྒྱ་གར་མཧཱ་རཱཤཊ་མངའ་སྡེའི་ཁུལ་གྱི་རྒྱ་གར་གི་ད་ལིད་ Dalit ནང་པ་ཁག་ཅིག་གིས་གསར་ཤོག་དེ་དག་གི་ལས་ཁུངས་སུ་ཕྱིན་ནས་འཆལ་གཏམ་དེ་འདྲ་སྤེལ་བ་ནི་རྩ་བ་ནས་ངོས་ལེན་བྱེད་ཐབས་མེད་པའི་ཚོར་ཤུགས་ཆེན་པོའི་ཞི་རྒོལ་བྱས་འདུག དེར་བརྟེན་ང་ཚོ་དུས་དབང་གོ་སྒྲིག་ཚོགས་ཆུང་ངོས་ནས་ཀྱང་གསར་ཤོག་ནང་ཐོན་པའི་འཆལ་གཏམ་གྱི་གནས་ཚུལ་དེར་ལན་འདེབས་བྱེད་རྒྱུ་གལ་ཆེན་པོར་མཐོང་ནས་དེ་རིང་གསར་འགོད་ལྷན་ཚོགས་འདི་གོ་སྒྲིག་ཞུས་པ་ཡིན་”ཞེས་དང་། “༸གོང་ས་མཆོག་གིས་སྟོན་པ་བཅོམ་ལྡན་འདས་ཁྱབ་འཇུག་གི་སྤྲུལ་པ་རེད་ཅེས་དེ་འདྲའི་བཀའ་སློབ་རྩ་བ་ཉིད་ནས་བསྩལ་བ་བྱུང་མེད། སྤྱིར་ཧིན་དྷུའི་ཆོས་ལུགས་ནང་ནས་ཁག་གཅིག་གིས་སྟོན་བཅོམ་ལྡན་འདས་ཁྱབ་འཇུག་གི་འཇུག་པ་བཅུའི་ནང་ནས་བཅུ་པ་དེ་རེད་ཅེས་ཡོངས་གྲགས་བརྗོད་སྲོལ་ཡོད། དེར་ང་ཚོས་སྐྱོན་བརྗོད་དང་རྟོགས་བརྗོད་གང་ཡང་ཞུ་རྒྱུ་ཡོད་མ་རེད། འོན་ཀྱང་ད་ལན་སྐུ་མདུན་གྱིས་དེ་ལྟར་གསུང་པ་རེད་ཅེས་འཁོད་པ་དེ་བདེན་པ་མ་རེད་ཅེས་ནན་ཏན་ཐོག་ནས་ཞུ་རྒྱུ་ཡིན་”ཞེས་འགྲེལ་བརྗོད་གནང་སོང་། །

གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས།