བདམས་ཐོན་རྩིས་ཞིབ་སྤྱི་ཁྱབ་པ་དང་ཁྲིམས་ཞིབ་པ་གཞན་གཉིས་བཅས་ཀྱིས་དམ་འབུལ་ཞུས།

དེ་རིང་སྔ་དྲོར་བདམས་ཐོན་ཁྲིམས་ཞིབ་པ་གཞན་གཉིས་དང་རྩིས་ཞིབ་སྤྱི་ཁྱབ་པ་བཅས་ཀྱིས་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོའི་མདུན་ནས་དམ་འབུལ་ཞུས་འདུག

ཕྱི་ཚེས༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱའི་ཐོག་གནས་ཚུལ་བཀོད་དོན། དེ་རིང་སྔ་དྲོའི་ཆུ་ཚོད་༡༠ ཐོག་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ། དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་། ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ། བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་དང་ཚོགས་གཙོ་ཚོགས་མི་རྣམ་པ། སྤྱི་འཐུས་རྒྱུན་ལས་རྣམ་པ། ལས་ཁུངས་ཁག་གི་དྲུང་ཆེ་རྣམ་པ། དེ་བཞིན་སྲི་ཞུ་བ་དྲུང་ལས་ཡན་གྱི་ལས་བྱེད་རྣམ་པ་བཅས་ཚང་འཛོམས་ཀྱིས་ཐོག སྤྱི་ཁྱབ་རྩིས་ཞིབ་ལས་ཁུངས་ཀྱི་བདམས་ཐོན་རྩིས་ཞིབ་སྤྱི་ཁྱབ་པ་བཀྲ་ཤིས་སྟོབས་རྒྱལ་གྱིས་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོའི་མདུན་དུ་ལས་ཁུར་དམ་འབུལ་ཞུས་འདུག་པ་དང་།

ཁོང་ནི། ཕྱི་ལོ་༡༩༩༦ ཟླ་བ་༩ ཚེས་༧ ནས་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་ཚོད་ལྟའི་དྲུང་ལས་སུ་བསྐོ་གཞག་གནང་། ཕྱི་ལོ་༡༩༩༧ ཟླ་བ་༤ ཚེས་༥ ནས་ལས་བྱེད་ངོ་མར་བསྐོ་གཞག་གིས་ལས་འགན་རང་འཇགས། ཕྱི་ལོ་༢༠༠༠ ཟླ་བ་༧ ཚེས་ ༧ ནས་དྲུང་གཞོན་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་༢༠༠༦ ཟླ་བ་༡༡ ཚེས་ ༡༥ ནས་ཟུང་དྲུང་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་༢༠༠༨ ཟླ་བ་ ༩ ཚེས་༣ ནས་ལོ་༡ རིང་གཞུང་འབྲེལ་མིན་པའི་སློབ་སྦྱོང་དགོངས་ཞུས། ཕྱི་ལོ་༢༠༠༩ ཟླ་བ་༩ ཚེས༣ ནས་ལས་འགན་རང་འཇགས་སུ་བསྐོ་གཞག ཕྱི་ལོ་༢༠༡༡ ཟླ་བ་༡༢ ཚེས་༡༩ ནས་ཉེ་ཧོང་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྩིས་དྲུང་དུ་གནས་སྤོས། ཕྱི་ལོ་༢༠༡༣ ཟླ་བ་༩ ཚེས་༩ ནས་དྲུང་འཕར་གནས་རིམ་དུ་གནས་སྤར་གྱིས་ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་དུ་གནས་སྤོས། ཕྱི་ལོ་ ༢༠༡༦ ཟླ་བ་༦ ཚེས་༦ ནས་རྩིས་ཞིབ་ལས་ཁང་གི་དྲུང་ཚབ་ཏུ་བསྐོ་གཞག ཕྱི་ལོ་༢༠༡༨ ཟླ་བ་ ༡༠ ཚེས་༩ ནས་དྲུང་ཡིག་ཆེན་མོའི་གནས་རིམ་དུ་གནས་སྤར་གྱིས་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་དྲུང་ཆེར་བསྐོ་གཞག་གིས་ཞབས་འདེགས་ཞུ་མུས་ཐོག་ཕྱི་ལོ་༢༠༢༥ ཟླ་བ་༣ ཚེས་༢༩ ཉིན་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་ཉིན་བཅུ་གཉིས་པའི་ཐོག་ངོ་ཡོད་སྤྱི་འཐུས་རྣམས་ནས་གསང་བའི་འོས་ཤོག་འཕངས་ཏེ་བཀྲ་ཤིས་སྟོབས་རྒྱལ་ལ་འོས་གྲངས་ ༣༢ ཐོབ་སྟེ་མང་མོས་ཀྱིས་རྩིས་ཞིབ་སྤྱི་ཁྱབ་པར་བདམས་ཐོན་བྱུང་ཡོད་པ་རེད། 

དེ་རྗེས་བདམས་ཐོན་ཁྲིམས་ཞིབ་པ་གཞན་བཀའ་ཟུར་འཕགས་པ་ཚེ་རིང་གིས་དམ་འབུལ་ཞུས་ཡོད་འདུག་པ་དང་། ཁོང་ནི། ཕྱི་ལོ་༡༩༦༥ ཟླ་བ་ ༡༡ ཚེས་ ༧ ཉིན་ཨ་མདོ་བླ་བྲང་བཀྲ་ཤིས་འཁྱིལ་ཉེ་འདབ་ས་དཀར་སྡེ་ནབ་རུ་སྐྱེས། ཕྱི་ལོ་ ༡༩༧༣ ལོ་ནས་ཕྱི་ལོ་༡༩༧༨ ལོ་བར་སྡེ་བའི་ཉེ་འདབ་ཀྱི་སློབ་ཆུང་དུ་སློབ་སྦྱོང་བྱས། ཕྱི་ལོ་  ༡༩༧༨ ལོར་ཡིག་རྒྱུགས་ལམ་ནས་བླ་བྲང་བསང་ཆུ་རྫོང་སློབ་འབྲིང་ནང་ཟླ་བ་འགའི་རིང་སློབ་སྦྱོང་བྱས། ཕྱི་ལོ་༡༩༧༨ ནས་ཕྱི་ལོ་༡༩༨༥ བར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་སོན་རྗེས་ཕྱི་ལོ་༡༩༩༢ ལོར་རྒྱ་གར་བཙན་བྱོལ་དུ་འབྱོར་བ་དང་། ཕྱི་ལོ་༡༩༩༣ ལོར་གཞུང་ཞབས་ཁོངས་འཛུལ་ཞུགས་ཀྱིས་བདེ་སྲུང་བོད་གནས་ཉམས་ཞིབ་ཁང་དུ་དྲུང་ལས་གནས་རིམ་ཐོག་བཀོད་སྒྲིག་དང་། ཕྱི་ལོ་༡༩༩༨ ལོར་དྲུང་གཞོན་གནས་རིམ་དུ་གནས་སྤར། དེའི་བར་ན་ཕྱི་ལོ་ ༡༩༩༨ ཟླ་བ་ ༡༠ པ་ནས་ཕྱི་ལོ ༢༠༠༠ ལོའི་ཟླ་༨ པ་བར་ཐའེ་ཝན་དུ་སློབ་བསྐྱོད། ཕྱི་ལོ་ ༢༠༠༢ ལོར་ཟུང་དྲུང་གནས་རིམ་དུ་གནས་སྤར། ཕྱི་ལོ་༢༠༡༠ ལོར་དྲུང་འཕར་གནས་རིམ་དུ་གནས་སྤར།

ཕྱི་ལོ་༢༠༡༤ ལོར་དྲུང་ཡིག་ཆེན་མོར་གནས་སྤར་གྱིས་བདེ་སྲུང་ལས་ཁུངས་ཀྱི་དྲུང་ཆེའི་ལས་འཁུར་ཞུས། ཕྱི་ལོ་༢༠༡༦ ནས་༢༠༢༡ བར་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་གྱི་ལས་འཁུར་བཞེས་པ་དང་། ཕྱི་ལོ་༢༠༢༥ ཟླ་བ་༣ ཚེས་༢༩ ཉིན་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་ཉིན་བཅུ་གཉིས་པའི་ཐོག་ངོ་ཡོད་སྤྱི་འཐུས་རྣམས་ནས་གསང་བའི་འོས་ཤོག་འཕངས་ཏེ་བཀའ་ཟུར་འཕགས་པ་ཚེ་རིང་ལ་འོས་གྲངས་༣༡ ཐོབ་སྟེ་མང་མོས་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཅིག་ཏུ་བདམས་ཐོན་བྱུང་ཡོད་པ་རེད།
དེ་རྗེས་བདམས་ཐོན་ཁྲིམས་ཞིབ་པ་གཞན་སྤྱི་ཟུར་ཟླ་བ་ཕུན་སྐྱིད་ནས་དམ་འབུལ་ཞུས་ཡོད་འདུག་པ་དང་། ཁོང་ནི། དྷ་ས་བོད་ཁྱིམ་དུ་སློབ་བཞེས་ཀྱིས་སློབ་གྲྭའི་ནང་སྤྱི་ཁྱབ་རྒན་བདག་གི་འགན་འཁུར་འཐུས་ཚང་ཞུས་པ་དང་། ཤེས་རིག་ལས་ཁུངས་ནས་སློབ་བུ་རྩེ་ཕུད་ཀྱི་བྱ་དགའ་ཡང་སྩལ་ཐོབ་བྱུང་། འཛིན་རིམ་བཅུ་གཉིས་ཀྱི་རྒྱུགས་སྤྲོད་མཐའ་མ་དེ་ལེགས་འཕྲོད་བྱུང་རྗེས་ (Christian Medical College, Vellore) དང་། (St. John’s Medical College, Bangalore) བཅས་མཐོ་སློབ་གཉིས་ནང་སྨན་ཁང་དང་འཕྲོད་བསྟེན་འཛིན་སྐྱོང་གི་རིག་གནས་ཐོག་སློབ་མཐར་ཐོན་རྗེས། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་བཀའ་འབྲེལ་ལྟར་ཕྱི་ལོ་༡༩༨༧ ཟླ་བ་༡ ཚེས་༡ ནས་བདེ་ལེགས་སྨན་ཁང་དུ་འཕྲོད་བསྟེན་འབྲེལ་མཐུད་པ་དང་། འཕྲོད་བསྟེན་ལས་ཁུངས་དབུས་མར་འཕྲོད་བསྟེན་འཆར་འགོད་འགན་འཛིན་གྱི་ལས་ཁུར་ཞུ་བཞིན་པའི་སྐབས། ཕྱི་ལོ་ ༡༩༩༤ ལོར་བདེ་ལེགས་སྨན་ཁང་གི་དྲུང་ཆེར་བསྐོ་གཞག་དང་། དེ་རྗེས་ཕྱི་ལོ་༢༠༠༦ ནས་བཟུང་སྨན་ཁང་གི་འགན་འཛིན་དུ་བསྐོ་གཞག་བྱུང་བ་བཞིན་ལས་ཁུར་ཞུ་མུས།

དེ་བཞིན་རང་རེའི་སྤྱི་ཚོགས་དང་འབྲེལ་བའི་ཞབས་ཞུའི་ཁོངས་དྷ་ས་ས་གནས་གཞོན་ནུའི་ཚོགས་གཙོ་སྐབས་གཉིས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ། དབུས་གཙང་དབུས་རྒྱུན་ཚོགས་གཞོན་སྐབས་གཉིས། གཞན་ཡང་དྷ་ས་འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཞོན་དང་། དྷ་སར་རྒྱལ་སྤྱིའི་ (Rotary Club) ཚོགས་པ་སོ་སོའི་ནང་ལོ་མང་ཞབས་ཞུ་ཞུས་དང་ཞུ་མུས། ད་ཆ་གཞུང་དང་གཞུང་ཁོངས་མིན་པའི་ཚོགས་པ་འགའི་ནང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་། དབུས་གཙང་སྤྱི་ཁྱབ་ཀྱི་སློབ་སྟོན་པའི་འགན་ཁུར་ཞུ་མུས། དབུས་གཙང་ཆོལ་ཁའི་རྒྱ་ཆེའི་མི་མང་ནས་བོད་མི་མང་སྤྱི་འཐུས་སྐབས་༡༣ པ་དང་༡༤། ༡༥། ༡༦། ༡༧ བཅས་སོ་སོར་བདམས་ཐོན་གྱིས་སྤྱི་འཐུས་ཀྱི་ལས་འཁུར་བཞེས་མུས་ཐོག་ཕྱི་ལོ་༢༠༢༥ ཟླ་བ་༣ ཚེས་༢༩ ཉིན་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་ཉིན་བཅུ་གཉིས་པའི་ཐོག་ངོ་ཡོད་སྤྱི་འཐུས་རྣམས་ནས་གསང་བའི་འོས་ཤོག་འཕངས་ཏེ་སྤྱི་འཐུས་ཟླ་བ་ཕུན་སྐྱིད་མཆོག་ལ་འོས་གྲངས་ ༢༥ ཐོབ་སྟེ་མང་མོས་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཅིག་ཏུ་བདམས་ཐོན་བྱུང་ཡོད་པ་རེད། 

གསར་འགོད་པ། བསོད་ནམས་ཕུན་ཚོགས།