བདུན་ཕྲག་གཅིག་ནང་བོད་མི་༢༦༠ ལ་ཏོག་ནད་ཕོག་འདུག 

རྒྱ་གར་ནང་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་གནས་སྟངས་དེ་འཛམ་གླིང་ནང་ཛ་དྲག་ཤོས་ཆགས་ཡོད་པའི་སྐབས་དེར། རྒྱལ་ཁབ་དེར་གནས་མཁན་བཙན་བྱོལ་བོད་མའི་ཁྲོད་དུ་ཡང་ཏོག་དབྱིབས་ནད་དུག་གི་གནས་སྟངས་དེ་ད་བར་ཛ་དྲག་ཤོས་དེ་ཆགས་འདུག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གིས་བོད་མི་རྣམས་ཀྱིས་སྔོན་འགོག་སྨན་ཁབ་ཆེད་དུ་དེབ་སྐྱེལ་ཐོ་འགོད་གནང་བའི་རེ་སྐུལ་གནང་སོང་།

ཟླ་༤ པའི་ཚེས་༢༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་༥༦ པ་སྤེལ་ཡོད་པ་དང་། དེའི་ཐོག་ཏུ་འདས་པའི་བདུན་ཕྲག་ནང་བཙན་བྱོལ་བོད་མིའི་ཁྲོད་དུ་ཏོག་དབྱིབས་ནད་དུག་ཕོག་པའི་ཁ་གྲངས་ནི་༢༦༠ ཡིན་པ་དང་། དེ་ནི་ད་བར་བདུན་ཕྲག་གཅིག་གི་ནང་བཙན་བྱོལ་བོད་མིའི་ཏོག་ནད་ཁ་གྲངས་མཐོ་ཤོས་དེ་ཆགས་ཀྱི་ཡོད་འདུག དེ་ཡང་སྐྱེས་པ་གྲངས་༡༣༡ དང་བུད་མེད་གྲངས་༡༢༩ ལ་ཏོག་ནད་ཕོག་ཡོད་འདུག ལོ་ན་རྒན་ཤོས་ནི་༩༠ དང་ཆུང་ཤོས་ནི་༢ ཡིན་པ། འདས་གྲོངས་སོང་བ་མི་༢ བྱུང་ཡོད་པ་དང་། དེ་ཡང་སྐྱེས་པ་རང་ལོ་༧༥ སོན་པ་ཞིག་དང་༦༦སོན་པ་ཞིག་ཡིན་འདུག  

དེ་བཞིན་རྒྱ་གར་ནང་ལོ་ན་༡༨ ཡན་ལ་ཏོག་ནད་ཀྱི་སྔོན་འགོག་སྨན་ཁབ་རྒྱག་རྒྱུའི་ལས་གཞི་དེ་ཟླ་༥ པའི་ཚེས་༡ ཉིན་ནས་འགོ་བཙུགས་རྒྱུ་ཡིན་པ་དང་བསྟུན་ནས། ཟླ་༤ པའི་ཚེས་༢༨ ཉིན་ནས་ཐོ་འགོད་དེབ་སྐྱེལ་གནང་འགོ་འཛུགས་རྒྱུ་ཡིན་པས། བོད་མི་ཚོས་(https://www.cowin.gov.in/home)བརྒྱུད་ནས་ཚེས་གྲངས་༢༨ ནས་སྔོན་འགོག་སྨན་ཁབ་ཆེད་དུ་ཐོ་འགོད་དེབ་སྐྱེལ་བྱེད་དགོས་སྐོར་རེ་སྐུལ་གནང་སོང་།

རྒྱ་གར་ནང་གི་མངའ་སྡེ་ཀར་ན་ཀྲ་ཀ ལྡི་ལི། ཀེ་རཱེ་ལཱ། ཆཱ་ཏིསེ་གྷར། ཡུ་པཱི། མཱ་ཌི་ཡ། མཱ་ཧཱ་ར་ཤི་ཀྲེ་ར། གྷུ་ཇེ་རཊ། རཱ་ཇི་སེ་ཐན་སོགས་ཀྱི་ནང་དུ་ཏོག་དབྱིབས་ཀྱི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་ཡོད་པ་དང་། དེ་དང་བསྟུན་ནས་བོད་མི་གནས་ཡུལ་ས་གནས་རྡ་ས་དང་། ཝར་ཎ། རྡེ་ར་རྡུན། ཧུན་སུར། ཨོ་རི་ས་ལྟ་བུར་ཡང་ཏོག་ནད་ཀྱི་ཁ་གྲངས་འཕར་བཞིན་ཡོད་འདུག 

རྡེ་ར་རྡུན་དུ་ཆགས་པའི་བོད་མིའི་གཞིས་ཆགས་བདེ་སྐྱིད་གླིང་དུ་བོད་མི་༡༧༧ ལ་ཏོག་ནད་འགོས་ནས། ས་གནས་གཅིག་ནས་ནད་པ་མང་ཤོས་ཐོན་མཁན་དེ་ཆགས་ཡོད་ཀྱང་། ནད་པ་མང་ཆེ་བའི་གནས་སྟངས་ཛ་དྲག་མེད་པ་རེད་འདུག ད་ལྟའི་དུས་སྐབས་སུ་དཀའ་ངལ་ཆེ་ཤོས་ནི་ནད་པ་མང་དྲགས་པའི་རྐྱེན་གྱིས་སྨན་ཞབས་པ་ཚོར་ནད་དུག་འགོ་ཡི་ཡོད་པར་མ་ཟད། ནད་པར་ལྟ་རྟོག་གི་ཕྱག་ལས་ཚད་ལས་བརྒལ་བ་ཞིག་བསྒྲུབ་དགོས་ཀྱི་ཡོད་འདུག 

དེ་བཞིན་ཝ་ཎ་མཐོ་སློབ་ཏུ་ཏོག་དབྱིབས་ནད་དུག་ཐེངས་དང་པོར་ཁྱབ་བརྡལ་སྐབས་སུ་དཀའ་ངལ་དེ་ཙམ་འཕྲད་མེད་ཀྱང་། ནད་ཡམས་ཁྱབ་གདལ་ཐེངས་གཉིས་པའི་སྐབས་སུ་གནས་སྟངས་ཛ་དྲག་ཆགས་ནས། དགེ་བའི་བཤེས་གཉེན་༣ དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་པ་དང་། ད་ལྟའི་གནས་སྐབས་སུ་འབྲེལ་ཡོད་སློབ་ཟུར་དང་མཁས་པ་བཅས་པར་དྲྭ་ལམ་དུ་གོ་སྡུར་ཞུས་ནས། ས་གནས་སུ་ཕྱིའི་མཐུན་རྐྱེན་གྱི་ཆ་རྐྱེན་འཐུས་ཚང་ཡོད་པར་མ་ཟད། ནད་པ་ཚོར་ཕྱི་ལུགས་དང་བོད་ལུགས་གཉིས་ཀའི་སྨན་བཅོས་བྱས་ནས་དྲག་སྐྱེད་འབྱུང་བཞིན་ཡོད་འདུག 

ད་ལྟ་བར་དུ་འཕྲོད་བསྟེན་ལས་ཁུངས་སུ་ཐོ་འགོད་བྱུང་བའི་ཁོངས་སུ་རྒྱ་བལ་འབྲུག་གསུམ་དུ་བོད་པ་༢༠༩༧ ལ་ཏོག་དབྱིབས་ཀྱི་ནད་དུག་འགོས་པ་དང་མི་༥༠ ཐམ་པར་འཆི་སྐྱོན་བྱུང་བ།  སྨན་བཅོས་བྱེད་བཞིན་པ་༣༥༥ ། དྲག་བསྐྱེད་སོང་བ་མི་གྲངས་༡༦༩༢ བཅས་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།