བདུན་ཕྲག་གཅིག་ནང་བོད་མི་༡༣༢ ལ་ཏོག་ནད་གསར་དུ་ཕོག་ཡོད་འདུག
འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་དང་བལ་ཡུལ་ནང་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་༡༣༢ བྱུང་ཡོད་པ་ལས་སྐྱེས་པ་གྲངས་ ༦༣ དང་། བུད་མེད་གྲངས་༦༩བྱུང་འདུག དེའི་ནང་ནས་དགུང་ན་མཐོ་ཤོས་དེ་༩༥ དང་ཆུང་ཤོས་དེ་བྱིས་པ་མ་འབྱར་ཟླ་བ་༡ ཡིན་འདུག དེ་བཞིན་མི་གྲངས་ ༤ འདས་གྲོངས་སུ་ཕྱིན་ཡོད་འདུག བདུན་ཕྲག་སྔོན་མ་དང་བསྡུར་ན་ཏོག་ནད་གསར་དུ་ཕོག་མཁན་མི་གྲངས་༡༠༠ ཡིས་ཉུང་བ་བྱུང་ཡོད་འདུག
ཟླ་༨ པའི་ཚེས་༡༢ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་༧༢ པ་དེ་སྤེལ་ཡོད་པ་རེད།
དེ་ཡང་ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་འདས་པའི་བདུན་ཕྲག་གཅིག་ནང་ཚོགས་ཆུང་གི་སྙན་ཐོའི་སྐོར་གསུང་དོན། འདས་པའི་བདུན་ཕྲག་གཅིག་ནང་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གྲངས་༡༥ དང་། བལ་ཡུལ་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གྲངས་༥ བཅས་ཁྱོན་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གྲངས་ ༢༠ ནང་། བོད་མི་རང་ཁྱིམ་དུ་མི་གྲངས་༨༨༦ དང་། ཚོགས་སྡེ་ཁག་གི་མཐུན་འགྱུར་འོག་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་༣༦༧ བཅས་ཁྱོན་བསྡོམས་བོད་མི་གྲངས་ ༡༢༥༣ འགོག་དབྱེ་ཟུར་བཀག་ཐོག་བཞུགས་ཡོད་འདུག་པ་དང་། ད་བར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་དང་དབུས་བོད་ཀྱི་སྨན་རྩིས་ཁང་ནས། གསོ་རིག་ལུས་སེམས་ནུས་གསོའི་སྨན་ཁྱོན་བསྡོམས་མི་གྲངས་ ༤༢༨༡༩ ལ་རིན་མེད་བགོ་འགྲེམས་གནང་ཡོད། སེམས་ཁམས་འཕྲོད་བསྟེན་དང་འབྲེལ་འདས་པའི་བདུན་ཕྲག་འདིའི་ནང་མི་གྲངས་ ༩༧ ལ་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་ལམ་སྟོན་སློབ་གསོ་གནང་ཐུབ་པ་བྱུང་ཡོད། ནད་ཡམས་ཁྱབ་གདལ་སྔོན་འགོག་སླད་བདུན་ཕྲག་འདིའི་ནང་རྒྱ་གར་ནང་གི་ས་གནས་གྲངས་ ༡༧ དང་བལ་ཡུལ་ནང་གི་ས་གནས་༣ བཅས་ཀྱི་བོད་མི་གྲངས་ ༢༥༥༩ ལ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་གནང་ཐུབ་པ་བྱུང་འདུག
དེ་བཞིན་སྔོན་འགོག་སྨན་ཁབ་རྒྱག་འགོ་ཚུགས་པ་ནས་བཟུང་ད་བར་རྒྱ་གར་ནང་གི་བོད་མི་གྲངས་ ༢༡༠༨༧ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་དང་གཉིས་པ་གཉིས་ཀར་བརྒྱབ་ཟིན་པ་དང་། མི་གྲངས་ ༢༨༦༨༩ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་བརྒྱབ་ཟིན། ཕྱོགས་མཚུངས་བལ་ཡུལ་ནང་གི་བོད་མི་གྲངས་ ༨༣༦ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་བརྒྱབ་ཟིན་པ་དང་མི་གྲངས་ ༢༦༣༠ ལ་སྔོན་འགོག་སྨན་ཁབ་ཆ་ཚང་ཐོབ་ཡོད་པ། དབུས་དང་ས་གནས་ཛ་དྲག་ཚོགས་ཆུང་གི་བདུན་རེའི་ཚོགས་འདུ་འཚོགས་རྒྱུ་ཁག་མུ་མཐུད་འགྲོ་བཞིན་ཡོད་པ་མ་ཟད། ད་ལྟའི་ཆར་དབུས་ཛ་དྲག་ལས་དོན་ཚོགས་ཆུང་གི་ཚོགས་མི་རྣམས་ས་གནས་ས་ཐོག་ཏུ་ཕྱོགས་བསྐྱོད་ཀྱིས་གཟིགས་རྟོག་དང་ལམ་སྟོན་གནང་རྒྱུ་རིགས་འགོ་བཙུགས་ཟིན་ཡོད་འདུག
འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་དང་བལ་ཡུལ་ནང་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་༡༣༢ བྱུང་ཡོད་པ་ལས་སྐྱེས་པ་གྲངས་ ༦༣ དང་། བུད་མེད་གྲངས་༦༩ དེའི་ནང་ནས་དགུང་ན་མཐོ་ཤོས་དེ་༩༥ དང་ཆུང་ཤོས་དེ་བྱིས་པ་མ་འབྱར་ཟླ་བ་༡ ཡིན། བློ་ཕམ་པའི་གནས་ཚུལ་ཞིག་ལ་བདུན་ཕྲག་འདིའི་ནང་ཏོག་དབྱིབས་གཉན་རིམས་ཀྱིས་རྐྱེན་པས་མི་གྲངས་ ༤ འདས་གྲོངས་སུ་གྱུར་ཡོད། ད་བར་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་ནད་གཞི་ཕོག་པ་ཁྱོན་མི་གྲངས་ ༦༠༨༠ དང་། དྲག་སྐྱེད་བྱུང་བ་མི་གྲངས་ ༥༦༣༡། འདས་གྲོངས་སུ་གྱུར་བ་མི་གྲངས་ ༡༤༤། ད་ལྟ་ནད་མནར་གསོ་བཅོས་བྱེད་བཞིན་པ་མི་གྲངས་ ༣༠༥ ཡོད་པ་རེད་འདུག
རྡ་ས་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་ཀྱིས་ལམ་སྟོན་གནང་དོན། ད་ཆ་འཛམ་གླིང་ཁྱོན་ཡོངས་ལ་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་འགོག་སྨན་ཁབ་བརྒྱབ་དང་རྒྱག་བཞིན་ཡོད་ནའང་འགྲོ་འོང་བཀག་སྡོམ་ལྷོད་དུ་བཏང་བར་བརྟེན་ཨ་རི་དང་། རྒྱ་ནག ཨིན་ཌོ་ནེ་ཤི་ཡཱ། མ་ལེ་ཤི་ཡཱ། ཕ་རཱན་སི་བཅས་ཀྱི་ནང་ནད་པའི་གྲངས་འབོར་རིམ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཕོག་མཁན་ཉིན་རེར་མི་གྲངས་སྟོང་ཕྲག་བཞི་བཅུའམ་བཞི་བཅུ་ཞེ་གཅིག་ཙམ་རེད་འདུག ད་ལྟའི་ཆར་རྒྱ་གར་ནང་གི་མངའ་སྡེ་ཀེ་རེ་ལ་དང་། མཧཱ་རཱཥཊྲ། ཏ་མིལ་ནཱ་ཌཱུ། ཡུ་པཱི། ཀརནཱ་ཊཀ ཨོ་ཌི་ཤཱ་བཅས་སུ་ནད་གཞི་ཕོག་མཁན་་གྲངས་འབོར་མང་དུ་འགྲོ་བཞིན་འདུག་སྟབས། སོ་སོའི་ངོས་ནས་སྔོན་འགོག་གི་ཐབས་ལམ་ཁག་ལྷོད་གཡེང་མེད་པར་མུ་མཐུད་ངེས་པར་དུ་གཟབ་ནན་གནང་རོགས། སྔོན་འགོག་གི་ཐབས་ལམ་བཟང་ཤོས་ནི་སྔོན་འགོག་སྨན་ཁབ་བརྒྱབ་དགོས་རྒྱུ་དེ་ཡིན། འདས་པའི་ཉམས་མྱོང་ལ་གཞིག་ན་སྔོན་འགོག་སྨན་ཁབ་བརྒྱབ་ཟིན་པ་རྣམས་ལ་ནད་ཡམས་འདི་ཕོག་རྒྱུའི་ཉེན་ཁ་ཆུང་བ་དང་། གལ་ཏེ་ནད་ཡམས་འདི་འབྱུང་བ་ཡིན་ནའང་ཛ་དྲག་གི་གནས་སྟངས་མི་ཆགས་པའི་ཁེ་ཕན་ཡོད། སྔོན་འགོག་སྨན་ཁབ་བརྒྱབ་མེད་པ་རྣམས་ནས་ངེས་པར་དུ་བསྐྱོན་རོགས་ཞེས་ཞུ་རྒྱུ་ཡིན། དེ་མིན་སྔོན་འགོག་གི་ཐབས་ལམ་གཞན་རྣམས་མུ་མཐུད་གནང་རོགས་ཅེས་གསུངས་སོང་།།
གསར་འགོད་པ་སྐལ་བཟང་དོན་གྲུབ།