བདུན་ཕྲག་གཅིག་ནང་བོད་མི་༨༠ ལ་ཏོག་ནད་ཕོག་འདུག
ཟླ་༤ པའི་ཚེས་༡༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ནད་དུག་གི་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་༥༥ པ་དེ་སྤེལ་ཡོད་པ་དང་། སྐབས་དེར་བདུན་ཕྲག་གཅིག་ནང་བོད་མི་ཏོག་ནད་ཕོག་མཁན་གྲངས་༨༠ ཆགས་ཡོད་པ་དང་། དེའི་ཁོངས་ནས་བྱིས་པ་ལོ་གཅིག་སོན་པ་ཞིག་ལ་ཡང་ཏོག་ནད་ཕོག་ཡོད་འདུག ཁག་ཅིག་ལ་དབུགས་གཏོང་ལེན་གྱི་དཀའ་ངལ་འཕྲད་ནས་སྨན་ཁང་དུ་ལུས་པ་ཡང་བྱུང་ཡོད་པས། བོད་མི་ཚོས་ཡིད་གཟབ་གནང་རྒྱུ་གལ་ཆེན་ཆགས་ཡོད་སྐོར་གསུངས་སོང་།
དེ་ཡང་ལས་དོན་ཚོགས་ཆུང་ནས་གསུང་དོན་ལ། རྒྱ་གར་ནང་ཏོག་དབྱིབས་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པ་དང་། ཚེས་༡༤ ཉིན་ཉིན་རེའི་ཏོག་ནད་ཀྱི་གྲངས་འབོར་འབུམ་༢ བརྒལ་ནས་ད་བར་མང་ཤོས་དེ་ཆགས་ཡོད་པ་དང་བསྟུན། བོད་མིའི་གནས་སྡོད་བྱེད་ཡུལ་གཞིས་ཆགས་ཁག་དང་ས་ཁུལ་རྣམས་ལ་ཡང་རང་བཞིན་གྱིས་ཉེན་ཚབས་ཆེ་རུ་འགྲོ་ཡི་ཡོད་པ། བོད་མིའི་གཞིས་ཆགས་ཁག་ནང་ཏོག་ནད་ཕོག་མཁན་རྣམས་ཀྱི་རྒྱབ་ལྗོངས་ལོ་རྒྱུས་ལ་གཟིགས་དུས། ཁག་ཅིག་རྒྱ་གར་གྱི་གྲོང་ཁྱེར་ཁག་ནས་ཕྱིར་ལོག་བྱེད་མཁན། མི་མང་འདུ་འཛོམས་ལ་འགྲོ་མཁན། རྒྱ་གར་གྱི་སྨན་ཁང་ལ་ནད་གཞན་སྨན་བཅོས་ཆེད་དུ་ཕེབས་ནས་ཚུར་ལོག་ནས་ན་ཚ་བགོས་པ། དེ་བཞིན་བོད་མི་མང་པོ་ཞིག་རྒྱ་གར་གྱི་ཁྲོམ་ཆུང་ནས་ཚལ་སོགས་ཉོ་རུ་ཕྱིན་ནས་ནད་འགོས་པ་སོགས་ཀྱི་གནས་ཚུལ་ཐོན་ཡོང་གི་ཡོད་པས། ཉིན་རེའི་བྱེད་སྒོ་ཁག་བཀག་སྡོམ་བྱེད་རྒྱུ་ཁག་པོ་ཡིན་ཡང་། བོད་མི་རྣམས་ཀྱིས་སྔོན་འགོག་ལས་དོན་ལ་འཇུག་རྒྱུ་གལ་ཆེན་ཆགས་ཡོད། ས་གནས་གཞན་ནས་སླེབས་ཚེ་ཟུར་བཀག་ལ་ཞུགས་དགོས་པ་དང་། སྔོན་འགོག་གི་བྱེད་སྒོ་ཁག་ལས་སླ་པོ་ཡིན་ཡང་གལ་ཆེན་པོ་ཡིན་པས། བྱེད་སྒོ་དེ་དག་གོམས་གཤིས་སུ་འཇག་ཐུབ་པ་གནང་དགོས་པ། དེ་བཞིན་ཉེ་ཆར་སློབ་གྲྭ་རྣམས་འགོ་བཙུགས་ཟིན་པས་སློབ་གྲྭའི་ནང་ནད་པ་རེ་བཟུང་ཐོན་ཡོང་གི་འདུག་པས། ཏོག་ནད་ན་མཁན་དང་འབྲེལ་བ་བྱུང་མཁན་རྣམས་ཀྱིས་སོ་སོའི་བརྟག་དཔྱད་གྲུབ་འབྲས་མ་ཐོན་བར་ཟུར་བཀག་ཏུ་ཞུགས་རྒྱུ་གལ་ཆེན་ཆགས་ཡོད། ལོ་ཚད་ཟིན་པ་རྣམས་ལ་སྔོན་འགོག་སྨན་ཁབ་ངེས་པར་དུ་རྒྱག་དགོས་པ་དང་། བརྒྱབ་ཟིན་པའི་རྗེས་སུ་ཡང་ནད་འབུ་ཕར་ཚུར་འགོ་རྒྱུ་ཡོད་པས་ཁ་རས་གྱོན་དགོས་སྐོར་གསུངས་སོང་།
དེ་བཞིན་ད་བར་རྒྱ་གར་ནང་སྨན་ཁབ་བརྒྱབ་ཟིན་པའི་ཁྲོད་དུ། མདུན་སྐྱོད་ཞབས་ཞུ་བ་གྲངས་༡༢༡༥། ལོ་ན་༦༠ ཡན་དང་ནད་རྙིང་ཡོད་པ་༢༡༩༨། ལོ་ན་༦༠ ཡན་༦༨༤༢། ལོ་ན་༤༥ ཡན་༣༤༥༢བཅས་ཁྱོན་བསྡོམས་བོད་མི་ ༡༣,༧༠༧ ལ་སྨན་ཁབ་བརྒྱབ་ཟིན་ཡོད་འདུག
འདས་པའི་བདུན་ཕྲག་འདིའི་ནང་ས་གནས་ཁག་ཅིག་ལ་གནས་སྟངས་ཛ་དྲག་ཆགས་པས། དྲ་ཐོག་ནས་ཛ་དྲག་གི་ཚོགས་འདུ་འཚོགས་ནས་ལམ་སྟོན་དང་མཐུན་རྐྱེན་སྦྱོར་སྤྲོད་གནང་ཐུབ་ཡོད་པ་དང་། བདུན་ཕྲག་འདིའི་ནང་བོད་མི་ཏོག་དབྱིབས་ནད་དུག་ཕོག་མཁན་གྲངས་༨༠ བྱུང་འདུག དེའི་ཁོངས་སུ་ལོ་ན་ཆེ་ཤོས་༨༧ དང་ཆུང་ཤོས་བྱིས་པ་ལོ་ན་༡ སོན་པ་ཞིག་རེད་འདུག སྐྱེས་པ་གྲངས་༤༣། བུད་མེད་གྲངས་༣༧། ཐེངས་འདིར་ས་གནས་སྨན་ཞབས་དང་ལས་བྱེད་རྣམས་བྲེལ་བའི་རྐྱེན་གྱིས་ནད་རྟགས་ཡོད་མཁན་གྲངས་དང་ནད་རྟགས་མེད་མཁན་གྲངས་ཆ་ཚང་བ་ཞིག་འབྱོར་མེད་ཀྱང་། ནད་པ་ཁག་ཅིག་ལ་དབུགས་གཏོང་ལེན་གྱི་དཀའ་ངལ་འཕྲད་ནས་སྨན་ཁང་དུ་ལུས་པ་དེ་འདྲ་བྱུང་ཡོད་པ་ལས། མང་ཆེ་བ་ནད་རྟགས་མེད་མཁན་ཡིན་འདུག ད་བར་རྒྱ་གར་དང་བལ་ཡུལ་ནང་ནད་པ་ཐོན་པའི་གྲངས་༡༨༣༧། དྲག་སྐྱེད་སོང་བ་གྲངས་༡༦༤༨། འདས་གྲོངས་སོང་༤༨། ནད་ན་བཞིན་པའི་གྲངས་༡༤༡ བཅས་ཡིན་འདུག
ཛ་དྲག་ལས་དོན་ཚོགས་ཆུང་ནས་རྒྱ་གར་ནང་གནས་སྟངས་ཧ་ཅང་གིས་ཛ་དྲག་ཆགས་ཀྱི་ཡོད་པས། བོད་མི་རྣམས་ཀྱིས་སྔོན་འགོག་གི་བྱེད་སྒོ་ཁག་ལ་འཇུག་རྒྱུ་གལ་ཆེན་ཆགས་ཡོད་པའི་ནན་བརྗོད་ཐེངས་མང་གནང་སོང་།།
གསར་འགོད་པ་སྐལ་བཟང་དོན་གྲུབ།