བདེ་སྲུང་བཀའ་བློན་དགོངས་ཞུ་དང་འབྲེལ་ནས་རྒྱ་གཞུང་གིས་སླར་ཡང་སྐྱོན་བརྗོད།
དེ་རིང་རྒྱ་ནག་བོད་ལྗོངས་དྲ་བ་ཟེར་བའི་སྟེང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་གི་དགོངས་ཞུ་དང་འབྲེལ་བའི་བཙན་བྱོལ་གཞུང་ལ་སྐྱོན་བརྗོད་ཀྱི་རྩོམ་ཡིག་ཅིག་སྤེལ་འདུག
རྒྱ་ནག་བོད་ལྗོངས་དྲ་བས་ཟླ་༤ ཚེས་༦ ཉིན་གནས་ཚུལ་སྤེལ་བའི་ནང་། བོད་རང་བཙན་ཤོག་ཁག་གི་དཔོན་རིགས་“དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་”གྱིས་བཀའ་ཤག་ལ་དགོངས་ཤོག་ཅིག་ཕུལ་ཏེ་བཀའ་བློན་གྱི་ལས་གནས་ནས་དགོངས་ཞུ་བྱས་ཡོད་པ་དང་། ཁོང་ནི་ཐེངས་དང་པོར་རྩ་དགོངས་ཞུ་མཁན་གྱི་བོད་རང་བཙན་ཤོག་ཁག་གི་བཀའ་བློན་ཐོག་མ་དེ་མ་ཡིན་པར། འདི་ལོའི་ཟླ་༢ པའི་ནང་ཡུལ་གྱར་སྲིད་གཞུང་གི་ཕྱི་འབྲེལ་དང་དྲིལ་བསྒྲགས་ལྷན་ཁང་གི་བཀའ་བློན་གྱིས་དགོངས་ཞུའི་གསལ་བསྒྲགས་སྤེལ་པ་དང་། ཁོང་མོས་དེའི་རྗེས་སུ་དངོས་སུ་འགྲོ་བཞིན་པའི་འོས་བསྡུ་ཆེན་མོ་དང་འོས་མིར་སྐྱོན་བརྗོད་ཚ་ནན་བྱས་སྐོར་དང་། བདེ་སྲུང་བཀའ་བློན་གྱིས་རྩ་དགོངས་ཞུ་དགོས་པའི་རྒྱུ་མཚན་ཐད། རྩོམ་ཡིག་དེའི་ནང་“འགན་མ་ཁྱོག་པར་བཟང་སྤྱོད་ཀྱི་ཐོག་ནས་དགོངས་པ་ཞུ་རྒྱུའི་ཐག་གཅོད་བྱས་པ་ཞིག་ཡིན་”ཚུལ་བརྗོད་ཡོད་ནའང་། དབྱེ་ཞིབ་པས་བརྗོད་པ་ལྟར་ན། ཁོང་གི་དགོངས་ཞུ་དང་དེའི་སྔོན་ཏཱ་ལའི་བླ་མས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཡ་རབས་བཟང་སྤྱོད་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐྱོན་བརྗོད་བྱས་པར་འབྲེལ་བ་ཡོད་ཚུལ་བརྗོད་དང་། དེ་བཞིན་འོས་བསྡུ་ཆེན་མོའི་ལས་རིམ་དང་བཙན་བྱོལ་བོད་མི་སྒྲིག་འཛུགས་སྤྱི་ཡོངས་ལ་སྐྱོན་འཛུགས་གང་མང་ཞིག་ཀྱང་བྱས་ཡོད་པ་རེད།།
ཏྲེ་ཧོར་ཐུབ་བསྟན་གྱིས་སྒྱུར་སྒྲིག་བྱས།