བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལ་རང་དབང་གི་སྙིང་སྟོབས་ཞེས་པའི་གཟེངས་རྟགས་ཤིག་ཕུལ་འདུག

ཨ་རིར་རྟེན་གཞི་བྱས་པའི་རྒྱ་ནག་གི་སློབ་ཕྲུག་དང་མཁས་པའི་རང་དབང་མཐུན་ཚོགས་ནས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མས། འགྲོ་བ་མིའི་ཐོབ་ཐང་དང་རང་དབང་དོན་དུ་སྐུ་ལས་བསྐྱོན་པའི་ངོས་འཛིན་གྱི་ཆེད། ཁོང་ལ་རང་དབང་གི་སྙིང་སྟོབས་ཞེས་པའི་གཟེངས་རྟགས་ཤིག་ཕུལ་བའི་གསལ་བསྒྲགས་སྤེལ་འདུག

པར། བོད་མིའི་སྒྲིག་འཛུགས།

ཕྱི་ལོ་༢༠༢༥ ཟླ་༥ པའི་ཚེས་༣༡ ཉིན། རྒྱ་རིགས་མང་གཙོ་དོན་གཉེར་བ་དང་ཤེས་ཡོན་པ། རྒྱ་རིགས་ལས་འགུལ་ཚོགས་པ་ཁག་གི་སྐུ་ཚབ་སོགས་མཉམ་ཞུགས་ཐོག་ཨ་རིའི་ནིའུ་ཡོག་ཏུ་རྒྱ་ནག་གནམ་སྡེ་སྒོ་མོ་ཆེའི་དྲུག་བཞིའི་དོན་རྐྱེན་རྗེས་དྲན་སྲུང་བརྩིའི་མཛད་སྒོ་ཞིག་ཚོགས་ཡོད་འདུག་པ་དང་། མཛད་སྒོའི་སྐབས་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་ཤེས་ཡོན་པའི་ངོས་ནས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མས་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་གི་དོན་དུ་སྐུ་ལས་བསྐྱོན་པ་ངོས་འཛིན་གྱི་ཆེད། ཁོང་ལ་རང་དབང་གི་སྙིང་སྟོབས་༼Freedom Spirit Award༽ ཞེས་པའི་གཟེངས་རྟགས་ཤིག་ཕུལ་འདུག་པ་དང་།

དེ་བཞིན་རྒྱ་ནག་གི་སློབ་ཕྲུག་དང་མཁས་པའི་རང་དབང་མཐུན་ཚོགས་ཀྱིས་སྤེལ་བའི་གསལ་བསྒྲགས་ནང་དུ། རྒྱ་རི་སྒྲོལ་མ་ལ་ཆེ་བསྟོད་ཞུས་པ་ནི་ཁོང་གི་མཛད་རྗེས་ཁོ་ནའི་ཆེད་དུ་མ་ཡིན་པར། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་རྒྱ་ཆེ་བའི་མང་གཙོའི་རེ་འདུན་གྱི་སྐུ་ཚབ་ཡིན་པའི་ཆ་ནས་ཀྱང་ཡིན་པའི་སྐོར་དང་།

དེ་བཞིན་གཟེངས་རྟགས་དེ་ནི་བཙན་བྱོལ་བོད་མི་འབུམ་གཅིག་ལྷག་ལ་ཆེ་བསྟོད་ཞུ་བ་ཞིག་ཡིན་པ་མ་ཟད། རྒྱ་ནག་དམར་ཤོག་ཚོགས་པའི་འོག་ཏུ་མུ་མཐུད་ནས་ཆོས་ལུགས་དང་ཆབ་སྲིད་ཀྱི་མནར་གཅོད་མྱོང་བཞིན་པའི་བོད་ནང་གི་བོད་མི་ས་ཡ་དྲུག་ལ་གདུང་སེམས་མཉམ་སྐྱེད་མཚོན་བྱེད་ཅིག་ཡིན་པ་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བའི་ཐོག་བཀོད་འདུག

གཞན་ཡང་།  བདེ་སྲུང་བཀའ་བློན་མས་འདི་ནི་བོད་མི་ཡོངས་ཀྱི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་དབུ་མའི་ལམ་ལ་འཇུག་ནས་འཚེ་མེད་ཞི་བའི་ཐབས་ལམ་ལ་བརྟེན་པའི་མཚོན་དོན་ཞིག་ཡིན་སྐོར་གསུངས་འདུག  ལྷག་པར་ཉེ་ཆར་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ལྗགས་རྩོམ་མཛད་པའི་བོད་དང་བོད་མིའི་མགྲིན་ཚབ་ཅེས་པའི་ཕྱག་དེབ་ནང་༸མགོན་པོ་མཆོག་གིས་བཀའ་སྩལ་ལྟར། དྲུག་བཞིའི་དོན་རྐྱེན་དེ་བྱུང་སྐབས་བོད་ཕྱི་ནང་གཉིས་སུ་བཞུགས་པའི་བོད་མི་ཡོངས་ཀྱིས་རྒྱ་རིགས་མང་ཚོགས་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་ཞུས་ཡོད་སྐོར་བསྐྱར་ནན་གནང་བ་མ་ཟད། ཕྱོགས་གཉིས་ཀྱི་མཐར་ཐུག་གི་དམིགས་ཡུལ་མི་འདྲ་བ་ཡིན་མིན་ལ་ལྟོས་མེད་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་ཀྱི་བེུད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་ནས་རྒྱ་ནག་གི་མང་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་དང་གནམ་སྡེ་སྒོ་མོ་ཆེའི་དོན་རྐྱེན་ཐད་རྒྱ་ནག་ལ་སྐྱོན་བརྗོད་ཀྱི་ལས་འགུལ་རབ་དང་རིམ་པ་སྤེལ་དང་སྤེལ་མུས་ཡིན་པ་གསུངས་ནས་ཐུགས་རྗེ་ཆེའི་ཕྱག་བྲིས་ཤིག་ཕུལ་ཡོད་པ་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གིས་བཀོད་འདུག

རྒྱ་ནག་གི་སློབ་ཕྲུག་དང་མཁས་པའི་མཐུན་ཚོགས་དེ་ནི་ཕྱི་ལོ་༡༩༨༩ ཟླ་༨ ཚེས་༡ ཉིན། ཨ་རིའི་གཙུག་ལག་སློབ་གྲྭ་ཆེ་ཁག་ནང་གི་རྒྱ་རིགས་སློབ་ཕྲུག་དང་མཁས་པའི་མཐུན་ཚོགས་༢༠༠ ལྷག་གི་འཐུས་མི་༡༠༠༠ ལྷག་གིས་ཆི་ཁ་གོ་རུ་༼Chicago༽ ཨ་རིའི་ནང་གི་རྒྱ་རིགས་སློབ་ཕྲུག་དང་མཁས་པའི་ཚོགས་ཆེན་ཐེངས་དང་པོ་སྐོང་སྐབས་གསར་འཛུགས་གནང་བ་ཞིག་ཆགས་ཡོད་འདུག་པ་དང་།

ཚོགས་པའི་དམིགས་ཡུལ་ནི། ཕྱི་ལོ་༡༩༨༩ ལོའི་གནམ་སྡེ་སྒོ་མོ་ཆེའི་ངོ་རྒོལ་ལས་འགུལ་ལ་ཡ་ལན་ཞིག་གི་ཚུལ་དུ། རྒྱ་ནག་ཏུ་མང་གཙོ་དར་སྤེལ་གཏོང་རྒྱུ་དང་། ཨ་རིར་སློབ་སྦྱོང་བྱེད་བཞིན་པའི་རྒྱ་རིགས་སློབ་ཕྲུག་དང་མཁས་པ་རྣམས་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།