བཙན་བྱོལ་བོད་ཀྱི་མཐོ་སློབ་ཁག་ནང་ཆབ་སྲིད་ཀྱི་རང་དབང་ཡོད་དམ།

སྐལ་བཟང་དོན་གྲུབ།
ཕྱི་ལོ་༢༠༡༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་དང་འབྲེལ་ནས་དེང་གི་ཆར། སྲིད་སྐྱོང་གི་འོས་མི་རྣམས་ས་གནས་ཁུལ་ལ་གཏམ་བཤད་བྱེད་པར་འགྲོ་བཞིན་ཡོད་པ་དང་། ཐབས་སྐྱོ་པོ་དང་ངོ་གནོང་དགོས་པའི་གནས་ཚུལ་ཁ་ཤས་བྱུང་ཡོད་པ་ནི། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སྲིད་སྤྱིའི་འོས་མི་ཚང་མ་དང་། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དང་སྦེང་ལོར་བོད་ཁྱིམ་སྡོད་ཁང་གིས་ཨ་ཚོགས་ཀླུ་མཁར་བྱམས་ལ་རང་ཉིད་ཀྱི་བསམ་ཚུལ་དང་མ་འོངས་ཀྱི་འཆར་གཞི་སོགས་མཐོ་སློབ་ཀྱི་སློབ་ཕྲུག་ལ་གཏམ་བཤད་བྱེད་པའི་ཆོག་མཆན་མ་སྤྲད་པ་དེ་རེད།

དེ་བཞིན་སེ་ར་དང་རྒྱུད་སྨད་གྲྭ་ཚང་གིས་ཨ་ཚོགས་ཀླུ་མཁར་བྱམས་ལ་གཏམ་བཤད་བྱེད་དུ་བཅུག་གི་མིན་ཟེར་བ་དང་སྤྱི་འཐུས་ཚོགས་གཙོས་དེ་ལ་བསྟོད་བསྔགས་བྱས་པ་བཅས་ནི་མང་གཙོ་ལ་རྡོག་རོལ་དང་འགན་མ་བླངས་པ་རེད། ཆེ་ས་ནས་བཤད་ན་བོད་མི་རིགས་ཀྱི་རྩ་དོན་ལ་འགན་ཁུར་མ་བྱས་པ་རེད་ཟེར་ནའང་མི་འགྲིག་པ་མེད་པར་སེམས།

སྤྱིར་འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་ལ་མཐོ་རིམ་སློབ་ཕྲུག་ཚོར་ཆབ་སྲིད་ཀྱི་གོ་རྟོགས་དང་རང་དབང་ཤིན་ཏུ་ཆེན་པོ་ཡོད་པ་མ་ཟད། སློབ་ཕྲུག་ཚོའི་སྣེ་ཁྲིད་འོག་ཆབ་སྲིད་ཀྱི་ལས་འགུལ་གཞི་རྒྱ་ཆེན་པོ་མང་པོ་ཞིག་སྤེལ་དང་སྤེལ་མུས་རེད། དཔེར་ན། ཧོང་ཀོང་གི་ཉི་གདུགས་ཀྱི་ཞི་རྒོལ་ཆེན་པོ་དང་ཕྱི་ལོ་༡༩༨༩ ལོར་རྒྱ་ནག་གི་གནམ་སྡེ་སྒོ་མོར་མང་གཙོའི་ལས་འགུལ། དེ་བཞིན་བོད་ནང་རེབ་གོང་བོད་རིགས་སློབ་མ་ཚོས་རང་ཉིད་ཀྱི་སྐད་ཡིག་གི་ཆེད་དུ་ཞི་རྒོལ་སོགས་ལས་སློབ་ཕྲུག་གི་ནུས་པ་སྟོན་ཐུབ་པ་ཡིན། འོན་ཀྱང་ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་རྒྱ་ནག་གི་ང་ཚོ་ལ་རང་དབང་སྤྲོད་ཀྱི་མི་འདུག་ཅེས་སྐད་ངན་བརྒྱབ་ཀྱི་ཡོད་དེ། མཐོ་རིམ་སློབ་གྲྭ་ཁག་ཏུ་སྲིད་སྐྱོང་གི་འོས་མི་ཚོར་གཏམ་བཤད་བྱེད་པའི་གོ་སྐབས་གཅིག་མཚུངས་མི་སྤྲད་པ་ནི་མང་གཙོ་དང་མི་མཐུན་པ་མ་ཟད། སློབ་ཕྲུག་ཚོར་ཆབ་སྲིད་ཀྱི་རང་དབང་མ་སྤྲད་པ་ཡང་ཡིན།

ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གིས་འོས་མི་ཚང་མར་གཅིག་མཚུངས་ཀྱི་གཏམ་བཤད་བྱེད་དུ་བཅུག་མེད་པ་དེ་ཡང་ཕྱོགས་རིས་བྱས་མེད་པ་རེད་དེ། དེ་ལྟར་བྱས་པ་དེ་ཡང་གོང་ནས་བཀའ་བཏང་བ་ལས་སློབ་མ་ཚོས་དེ་ལྟར་བྱེད་རོགས་ཞེས་འབོད་སྐུལ་བྱེད་མི་སྲིད་པ་རེད། དེ་བཞིན་ཏཱ་ལའི་བླ་མ་མཐོ་སློབ་དང་སྦེང་ལོར་བོད་ཁྱིམ་སྡོད་ཁང་གཉིས་ཀྱིས་འོས་མི་གཞན་ལ་གཏམ་བཤད་བྱེད་བཅུག་ཡོད་པ་དང། ཨ་ཚོགས་ཀླུ་མཁར་བྱམས་ལ་ཐོག་མར་ཆོག་མཆན་སྤྲད་ཡོད་འདུག། འོན་ཀྱང་རྗེས་སུ་གཏམ་བཤད་བྱས་ན་མི་འགྲིག་ཚུལ་བརྗོད་ཡོད་འདུག མཐོ་སློབ་ཀྱི་སློབ་ཕྲུག་ཚོར་ཆབ་སྲིད་ཀྱི་གོ་རྟོགས་ཡོད་རུང་མེད་རུང། དེ་དག་ལ་ཆབ་སྲིད་ཀྱི་རང་དབང་དགོས་གལ་ཆེན་པོ་ཡིན་པ་བརྗོད་མི་དགོས།

སློབ་ཕྲུག་དེ་དག་མ་འོངས་པར་ལས་ཀྱི་སྣེ་མོ་ལ་སྡོད་མཁན་ཆགས་པའི་རེ་བ་རྒྱག་ཡུལ་ཡིན་པས། ལངས་ཕྱོགས་འདྲ་མིན་དང་བསམ་ཚུལ་འདྲ་མིན་ལ་གོ་རྟོགས་དགོས་གལ་ཆེན་པོ་ཡིན་པ་རེད། དེ་མིན་དེ་དག་མ་འོངས་པར་བསམ་བློ་གཞི་རྒྱ་ཆེན་པོ་གཏོང་མི་ཐུབ་མཁན་ཆགས་མི་སྲིད་པ་མ་རེད། དེ་བཞིན་མཐོ་སློབ་ཞིག་ལ་མཚོན་ན་སློབ་སྦྱོང་བྱེད་ཡུལ་ཞིག་ཡིན་པ་ལས་ཆབ་སྲིད་ཀྱི་ལངས་ཕྱོགས་ལྡན་པའི་ཚོགས་པ་ཞིག་ག་ལ་ཡིན། དེ་ན་སློབ་སྦྱོང་གི་བརྒྱུད་རིམ་དང་ལྷག་པར་དུ་ང་ཚོ་བཙན་བྱོལ་བ་ཡིན་པའི་ཆ་ནས། ཆབ་སྲིད་ཀྱི་རང་དབང་དང་གོ་རྟགས་དེ་ནི་གལ་ཆེ་ཤོས་ཤིག་ཆགས་བསྡད་ཡོད་པས། སྒེར་གྱི་ཕྱོགས་རིས། ཡང་ན་ཡོང་ཁུངས་གཞན་གྱིས་གནོན་ཤུགས་སྤྲད་པ་གང་ལ་བརྟེན་ནས། མང་གཙོའི་ཐོབ་ཐང་ལ་རྡོག་རོལ་བྱས་པ་ནི་ཉེས་པ་ཆེན་པོ་ཞིག་ཡིན་པས། དེ་ལ་སྤྱི་ཚོགས་དང་འོས་བསྡུ་ལྷན་ཁང་གིས་དང་ལེན་བྱེད་མི་རུང་བ་མ་ཟད། དེའི་སྐོར་ལན་འདེབས་གསལ་པོ་གནང་དགོས་གལ་ཆེན་སེམས་སོ།།