བཙན་བྱོལ་བོད་མི་ཚོས་རྒྱ་གར་ཆེད་དུ་ཧིན་སྒོར་ས་ཡ་༥༠ ཙམ་ཞལ་འདེབས་བསྡུ་རུབ་བྱས་འདུག

རྒྱ་གར་ནང་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་རྦ་རླབས་གཉིས་པ་དེ་ཚབས་ཆེན་པོའི་ཐོག་ནས་འགྲོ་བཞིན་པ་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གིས་བདུན་ཕྲག་སྔོན་མར་། བོད་མི་ཚོར་རྒྱ་གར་གཞུང་དམངས་གཉིས་བཀའ་དྲིན་ཆེན་པོ་ཡིན་པས། ཏོག་དབྱིབས་ནད་དུག་ལ་འཐབ་རྒོལ་ལ་རྒྱབ་སྐྱོར་མཚོན་ཆེད་དུ་རྒྱ་གར་གྱི་སྲིད་བློན་ཛ་དྲག་མ་དངུལ་(PM Cares Fund)ཆེད་ཞལ་འདེབས་གནང་བའི་རེ་སྐུལ་ཞུས་པ་ལྟར། ཚེས་༡༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས། བཙན་བྱོལ་བོད་མི་ཚོས་ཧིན་སྒོར་ས་ཡ་༥༠ ཙམ་ཞལ་འདེབས་བསྡུ་རུབ་གནང་བར་ཐུགས་རྗེ་ཆེ་ཞུས་གནང་སོང་།

དེ་ཡང་བྱང་ཨ་རིའི་དོན་གཅོད་ཀྱི་ཁྱབ་ཁོངས་སུ་ཨ་རི་དང་ཁེ་ན་ཌ་ནས་ཧིན་སྒོར་ས་ཡ་༢༠ ལྷག་དང་། བྷེལ་ཇེམ་དོན་གཅོད་ཁང་གི་ཁྱབ་ཁོངས་རྒྱལ་ཁབ་ཁག་ནས་ཧིན་སྒོར་འབུམ་༣༧ ཙམ། སུད་སི་དོན་ཁང་ཁྱབ་ཁོངས་ནས་ཧིན་སྒོར་ས་ཡ་༡༠། ཐའེ་ཝན་ནས་ཧིན་སྒོར་འབུམ་༣༠། ཨོ་སི་ཀྲོ་ལི་ཡ་དང་ནིའུ་ཛེ་ལན་ཌ་ཁུལ་ནས་ཧིན་སྒོར་འབུམ་༢༧། དེ་བཞིན་རྒྱ་བལ་འབྲུག་གསུམ་གྱི་བོད་མི་ཚོས་ཧིན་སྒོར་འབུམ་༨༠ ཙམ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཚོའི་ཉིན་གཅིག་གི་གླ་ཕོགས་ཞལ་འདེབས་བཅས་བསྡོམས་ནས་ཧིན་སྒོར་ས་ཡ་༥༠ ཙམ་རྒྱ་གར་གྱི་སྲིད་བློན་ཛ་དྲག་མ་དངུལ་ལ་ཞལ་འདེབས་ཕུལ་ཐུབ་པ་བྱུང་སྐོར་གསུངས་ནས། བོད་མི་ཚང་མར་ཐུགས་རྗེ་ཆེ་ཞུས་གནང་སོང་།

དེ་བཞིན་སྲིད་སྐྱོང་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྨན་ཞབས་པ་ཚོར་ཐུགས་རྗེ་ལེགས་འབུལ་མཚོན་ཆེད་དུ། སྨན་ཞབས་པ་རྣམས་ལ་ཧིན་སྒོར་༥༠༠༠ རེ་ཕུལ་རྒྱུ་ཡིན་པ་དང་། སྨན་ཞབས་པ་ཚོ་དང་ཁོང་རྣམ་པའི་ནང་མི་ཚོར་ཏོག་ནད་འགོས་ཚེ། མཐུན་འགྱུར་གནང་རྒྱུ་ཡིན་པ་དང་། ནང་མི་ཁག་ཅིག་ལ་མཐུན་འགྱུར་གནང་ཐུབ་པ་བྱུང་ཡོད་སྐོར་། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཚོའི་གླ་ཕོགས་སྤར་ཐུབ་པ་བྱུང་སྐོར་ཡང་གསུངས་སོང་།།

གསར་འགོད་པ་སྐལ་བཟང་དོན་གྲུབ།