བཙན་བྱོལ་བོད་མིའི་༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོ།

བཙན་བྱོལ་བོད་མི་གནས་སྡོད་བྱེད་སའི་རྒྱལ་ཁབ་ཚང་མའི་ནང་༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོ་བྱས་ཡོད་པ་དང་། ནམ་རྒྱུན་ས་གནས་ཚང་མར་ཉིན་གཅིག་དུས་གཅིག་ལ་འོས་འཕེན་གྱི་ཡོད་ནའང་། འདི་ལོར་རྒྱ་ནག་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་གྱིས་མི་མང་འདུ་འཛོམས་ལ་དཀའ་ངལ་འཕྲད་དེ། ཡུ་རོབ་དང་ཨ་རིའི་ས་གནས་ཁག་ཅིག་ཏུ་དུས་ཚོད་སྔ་འདོན་བྱེད་དགོས་བྱུང་ཡོད་རེད།

དབུས་འོས་བསྡུ་ལྷན་ཁང་ནས་ལོ་སྔོན་མའི་ཕྱི་ཟླ་ ༩ པའི་ནང་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོ་དེ་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༣ ཉིན་གཏན་འབེབས་ཐག་གཅོད་བྱས་པའི་གསལ་བསྒྲགས་སྤེལ་བ་ལྟར། དེ་རིང་ཞོགས་པའི་ཆུ་ཚོད་བརྒྱད་པ་ཙམ་ནས་བཙན་བྱོལ་བོད་མི་ཚོས་དངོས་སུ་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་ཤོག་འཕངས་ཡོད་པ་རེད།

ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ཉེན་སེལ་བའང་ཉུང་དུ་གཏོང་བའི་ཆེད། དབུས་འོས་བསྡུ་ལྷན་ཁང་ནས་འབྲེལ་ཡོད་ས་གནས་སོ་སོར་འོས་ཤོག་འཕེན་སའི་ས་ཚིགས་སྔར་བས་མང་དུ་བཏང་སྟེ། བོད་མིའི་སྒྲིག་འཛུགས་ཀྱི་རྟེན་གཞིར་གྱུར་བའི་གངས་སྐྱིད་ཁོ་ནར་མཚོན་ན། སྲིད་སྐྱོང་ཚོགས་ཁང་དང་སྨན་བརྩིས་ཁང་གཉིས་ལ་འོས་འཕེན་སའི་ས་ཚིགས་རེ་རེ་བཟོས་འདུག

འདི་ལོའི་འོས་བསྡུ་ཆེན་མོ་དང་འབྲེལ་བའི་ཐད་ལ། དབུས་འོས་བསྡུ་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་གིས་“སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་བཙན་བྱོལ་ནང་ལ་མང་གཙོ་གསོལ་རས་གནང་ཡོད་རེད། དེ་གནང་བ་ནང་བཞིན་ད་ལྟ་ང་ཚོའི་འོས་ཤོག་འཕེན་མུས་རེད། ཚང་མས་ཚ་ཚ་འུར་འུར་ཐོག་ནས་ཡག་པོ་ཞེ་དྲག་འགྲོ་ཡི་འདུག་”ཅེས་གསུངས་པའི་ཁར། འདི་ལོའི་འོས་བསྡུ་ཆེན་མོའི་ནང་དེབ་སྐྱེལ་བྱེད་མཁན་བོད་མི་ཁྲི་བརྒྱད་ལྷག་ཅིག་བྱུང་ཚུལ་བསྣན་སོང་།

དབུས་འོས་བསྡུ་ལྷན་ཁང་གི་འགན་འཛིན་ལ་ནད་ཡམས་ཀྱི་དཀའ་ངལ་ལ་གདོང་ལེན་བྱེད་ཕྱོགས་སྐོར་དྲིས་པར། ཁོང་གིས་“སྤྱི་ཡོངས་འཛམ་བུ་གླིང་ཁྱོན་ཡོངས་ཀྱི་ནང་ལོགས་ལ་ཏོག་དབྱིབས་ཀྱི་གནས་སྟངས་དེ་ཞེ་བུ་ཛ་དྲག་པོ་རེད། ལྷག་པར་དུ་ད་ལྟའི་ཆ་ལ་བྱས་པ་ཡིན་ན། ཨ་རིའི་མངའ་སྡེ་ཁག་ཅིག་དང་། དེ་ག་ནང་བཞིན་ཡུ་རོབ་ཁུལ་ལ་ཞེ་དྲག་དཀའ་ངལ་གྱི་གནས་སྟངས་ཆགས་བསྡད་ཡོད་རེད། ཡིན་ཡང་། ས་ཁུལ་དེ་དག་གི་ནང་དུ་གང་ལ་ཅི་འོས་ཀྱིས་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་ནས་མ་འགལ་བའི་ཐོག་ནས་གང་ཡོང་ཅི་ཡོང་བྱས་ཡོད། ང་ཚོ་འདི་ནས་མར་ལམ་སྟོན་དེ་དག་ཆ་ཚང་ཞུས་ཡོད། ས་གནས་ངོས་ནས་ཡིན་ན་ཡང་ཞེ་དྲག་པོ་གནང་གི་འདུག”ཅེས་གསུངས་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལས་ཐོག་དང་། བཀའ་བློན་རྣམ་པ་སྨན་རྩིས་ཁང་གི་འོས་འཕེན་ས་ཚིགས་སུ་ཕེབས་ནས་སོ་སོའི་འོས་འཕངས་རྗེས། སྲིད་སྐྱོང་བློ་བཟང་སེང་གེས་“དེ་རིང་ང་ཚོ་འདིར་ ༢༠༢༡ ཀྱི་སྲིད་སྤྱི་གཉིས་ཀྱི་འོས་འཕེན་ཡོང་གི་ཡོད་རེད། ད་ལན་འདི་༧གོང་ས་མཆོག་ནས་གསོལ་རས་གནང་བའི་མང་གཙོ་དང་། དེ་བཞིན་མི་ཐོག་རྒན་པས་སྐུ་ལས་བསྐྱོན་ནས་ངོམ་དུ་ཆོག་པ། གྲུབ་འབྲས་སྨིན་པའི་མང་གཙོ་ཞིག་རེད། རྒྱལ་སྤྱིའི་མང་གཙོའི་རྒྱལ་ཁབ་ག་འདྲ་ཞིག་ཡོད་ན་ཡང་། དེ་དང་མཉམ་དུ་དཔུང་པ་འདྲ་མཉམ་བྱས་ནས་འགྲན་སྡུར་བྱེད་ཐུབ་པའི་མང་གཙོ་རེད། དེ་ལ་འཛམ་གླིང་ཡོངས་ནས་མི་མང་གིས་ཆ་ཤས་བླངས་ནས་འོས་འཕེན་ཡོང་དུས། གཟི་བརྗིད་ལྡན་པ་ཞིག་རེད། ལོ་རྒྱུས་ལྡན་པ་ཞིག་རེད། གང་ཡིན་ཟེར་ན། ང་ཚོས་རྒྱ་ནག་གུང་ཁྲན་ཏང་གི་སྒྲིག་འཛུགས་ལ་བརྡ་ལན་ག་རེ་གཏོང་གི་ཡོད་རེད་ཟེར་ན། ༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་ང་ཚོ་བཙན་བྱོལ་ལ་བོད་མི་ཆུང་ཤས་ཤིག་ལས་ཡོད་མ་རེད་དེ། འཛམ་གླིང་རྒྱལ་ཁབ་སུམ་ཅུ་ནས་བཞི་བཅུའི་བར་དུ་ཐོར་ནས་བསྡད་ཡོད་རེད་དེ། གང་དུ་ཡོད་ན་ཡང་དཔྱ་ཁྲལ་ལག་དེབ་དེ་བསྣམས་ནས་ང་བོད་པ་ཡིན་གདའ་ཟེར་གྱི་ཡོད་ལ། བོད་པ་ཡིན་ཙང་ང་ཚོ་ལ་བོད་མིའི་སྒྲིག་འཛུགས་ནས་མང་གཙོའི་ཐོབ་ཐང་གནང་བཞག་པ་དེ་དེ་རིང་བླངས་ནས་འོས་འཐེན་གྱི་ཡོད་[ཟེར་གྱི་ཡོད་]”ཅེས་གསུངས་སོང་།

གཞན་ཡང་། ཁོང་གིས་“སྲིད་སྤྱི་གཉིས་ལ་སུ་ཕེབས་པ་ཡིན་ན་ཡང་། བོད་མིའི་སྒྲིག་འཛུགས་ཀྱི་འགན་ཁུར་དགོས་ཀྱི་ཡོད་རེད། ༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་ཞབས་ཕྱི་ཞུ་དགོས་ཀྱི་ཡོད་རེད། དེར་བརྟེན་ཁོ་རང་ཚོ་ལ་བྱ་བ་ལམ་འགྲོ་ཡོང་བར་ཤོག་ཟེར་རྒྱུ་དེ་ང་ཚོ་ཚང་མས་སྨོན་ལམ་རྒྱག་དགོས་ཡས་ཤིག་དང་། རྡོག་རྩ་ཆིག་སྒྲིལ་བྱས་ནས་རྒྱབ་སྐུལ་གནང་དགོས་ཡས་དེ་ཤིན་ཏུ་གལ་ཆེན་པོ་རེད་”ཅེས་མ་འོངས་པའི་སྲིད་སྐྱོང་དང་དང་སྤྱི་འཐུས་རྣམ་པར་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་གནང་སོང་།

དེ་རིང་བསྡུས་པའི་སྔོན་འགྲོའི་འོས་ཤོག་གི་གྲངས་བཤེར་དེ་དབུས་འོས་བསྡུ་ལས་ཁང་ནས་ ༢༠༢༡ ཟླ་ ༡ ཚེས་ ༢༩ ནས་ ༢༠༢༡ ཟླ་ ༢ ཚེས་ ༧ བར་ཡིན་པ་དང་། དེ་ནས་དངོས་གཞི་འོས་བསྡུ་ཆེན་མོ་དེ་ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༡༡ ཉིན་ལ་གཏན་འཁེལ་ཡོད།

བཙན་བྱོལ་བོད་མིའི་འོས་བསྡུའི་སྐབས་བལ་ཡུལ་དང་འབྲུག་ཡུལ་གཞུང་གིས་བོད་མིའི་འོས་བསྡུར་འགོག་རྐྱེན་བཟོ་ཡི་ཡོད་པ་ལྟར། འདི་ལོར་ཡང་དཀའ་ངལ་འཕྲད་པ་མ་ཟད། བལ་ཡུལ་དུ་བོད་མིའི་སྔོན་འགྲོའི་འོས་བསྡུ་སྔ་འདོན་བྱས་ཏེ། འོས་འཕེན་ཐབས་བྱས་ཡོད་ནའང་། ས་གནས་ཁག་ཏུ་དཀའ་ངལ་འཕྲད་པ་མ་ཟད། བོད་མི་ཁག་ཅིག་ཉིན་གཅིག་རིང་བཀག་ཉར་ཡང་བྱས་ཡོད་པ་རེད། ཐེངས་འདིར་དམིགས་བསལ་དཀའ་ངལ་འཕྲད་པ་ནི་རྒྱ་ནག་ཏོག་དབྱིབས་ན་ཚའི་རྐྱེན་ཡིན་པ་དང་། དམིགས་བསལ་གྱིས་ཡུ་རོབ་ཁག་ཏུ་དུས་ཚོད་སྔ་འདོན་བྱེད་དགོས་བྱུང་དང་། ས་གནས་ཁག་ཅིག་ཏུ་འོས་འཕེན་ས་ཚིགས་བཙུགས་མ་ཐུབ་པ་ཡང་བྱུང་ཡོད་པ་རེད།།

གསར་འགོད་པ་དཀོན་མཆོག་རབ་བརྟན།