བཙན་བྱོལ་བོད་མིའི་ནང་ཉམ་ཐག་ཁོངས་སུ་མི་གྲངས་༣༠༧༦ འདུག
༢༠༡༣ ལོར་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་དང་། ཤེས་རིག་ལས་ཁུངས། འཕྲོད་བསྟེན་ལས་ཁུངས་བཅས་ཀྱི་ཁྱབ་ཁོངས་སུ་ཉམ་ཐག་མི་གྲངས་༥༦༨༨ ཡོད་པ་དང་། འདི་ལོར་བསྐྱར་ཞིབ་བྱས་རྗེས་ཉམ་ཐག་ཁོངས་སུ་མི་གྲངས་༣༠༧༦ ཡོད་འདུག
དེ་ཡང་ཟླ་འདིའི་ཚེས་༡༩ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ཐོག སྲིད་སྐྱོང་བློ་བཟང་སེང་གེས་གྲོས་ཚོགས་འཐུས་མིའི་དྲི་བར་ལན་འདེབས་གནང་བ་ལྟར་ན། ༢༠༡༣ ལོར་བོད་མི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་ཀྱི་ཁོངས་སུ་ཉམ་ཐག་རྒས་གཅོང་མགོན་མེད་༢༣༣༥ ཡོད་པ་དང་། ཤེས་རིག་ལས་ཁུངས་ཀྱི་ཁོངས་སུ་ཕྲུ་གུ་ལ་བརྟེན་ནས་ཁྱིམ་འཚོ་མ་ཟིན་པ་༢༤༣༧། འཕྲོད་བསྟེན་ལས་ཁུངས་ཀྱི་ཁོངས་སུ་ལོ་གཞོན་ནད་མནར་༩༡༦ བཅས་བསྡོམས་༥༦༨༨ ལ་མཐུན་འགྱུར་རོགས་རམ་བྱས་ཡོད་འདུག
སྐབས་འདིའི་བཀའ་ཤག་གིས་ཉམ་ཐག་ལ་བསྐྱར་ཞིབ་བྱས་རྗེས། ཉམ་ཐག་ནང་ནས་རང་ངོས་ནས་ཕྱིར་འཐེན་བྱེད་མཁན་༣༧ དང་། གནས་སྟངས་འགྲིག་ངེས་ཡོད་པས་ཉམ་ཐག་མ་ཡིན་པའི་ཁོངས་སུ་བཏང་བ་༡༣༧༥། འདས་གྲོངས་སུ་སོང་བ་༧༦༠། ཕྲུ་གུ་སློབ་ཐོན་ཟིན་པ་༤༤༠ བཅས་བྱུང་།
༢༠༡༣ ལོ་ནས་༢༠༡༥ ལོའི་བར་ཉམ་ཐག་གསར་པའི་ལོ་རྒྱུས་འབྱོར་བ་གྲངས་༢༥༨ ནང་ནས་གཞུང་གིས་ངོ་བཞེས་བྱས་པ་༡༡༢ བྱུང་།
ད་ལྟ་༢༠༡༥ ལོར་བསྡོམས་པའི་ནང་སྲིད་ལས་ཁུངས་ཀྱི་ཁོངས་སུ་ཉམ་ཐག་རྒས་གཅོང་མགོན་མེད་༡༣༠༣ ཡོད་པ་དང་། ཤེས་རིག་ལས་ཁུངས་ཀྱི་ཁོངས་སུ་ཕྲུ་གུ་ལ་བརྟེན་ནས་ཁྱིམ་འཚོ་མ་ཟིན་པ་༡༢༡༧། འཕྲོད་བསྟེན་ལས་ཁུངས་ཀྱི་ཁོངས་སུ་ལོ་གཞོན་ནད་མནར་༥༢༥ བཅས་བསྡོམས་༣༠༧༦ ལ་མཐུན་འགྱུར་རོགས་རམ་བྱེད་བཞིན་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།