བཙན་བྱོལ་བོད་མིའི་མང་གཙོ་ནི་སྐྱབས་བཅོལ་བའི་མང་གཙོ་ལས་འགུལ་བ་གཞན་གྱིས་མིག་དཔེ་ལྟ་འོས་པ་ཞིག་རེད།

ཟླ་འདིའི་ཚེས་༢༦ ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་རྟེན་གཞི་བྱས་པའི་ཨ་རིའི་མང་གཙོ་གོང་སྤེལ་བསྟི་གནས་ཁང་གི་གོ་སྒྲིག་འོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་དང་ལྷན་བཙན་བྱོལ་བོད་མིའི་མང་གཙོ་འཕེལ་རིམ་སྐོར་བཞུགས་མོལ་ཚོགས་འདུ་ཞིག་འཚོགས་ཡོད་པ་རེད།

སྐབས་དེར་ཨ་རིའི་མང་གཙོ་གོང་སྤེལ་བསྟི་གནས་ཁང་གི་འགན་འཛིན་ཌེ་མོན་ཝིལ་སན་(Damon Wilson) གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྲོལ་གཏོད་མཛད་པའི་བཙན་བྱོལ་བོད་མིའི་མང་གཙོ་འཕེལ་རིམ་ལ་རྗེས་སུ་ཡི་རངས་དང་། ༸གོང་ས་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཆིབས་སྒྱུར་བསྐྱངས་མ་ཐག་མགོན་པོ་གང་ཉིད་ཀྱིས་བཙན་བྱོལ་བོད་མིའི་མང་གཙོ་སྲོལ་གཏོད་དང་བསྒྱུར་བཅོས་མཛད་ཡོད་པ། ད་ཆ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མིག་དཔེ་ལྟ་སའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་གནང་གི་ཡོད་སྐོར་གསུངས་པ་དང་། ཨ་རིའི་མང་གཙོ་གོང་སྤེལ་བསྟི་གནས་ཁང་གི་ངོས་ནས་དེ་སྔ་༸གོང་ས་མཆོག་གདན་ཞུས་ཀྱིས་མང་གཙོའི་གཟེངས་རྟགས་ཕུལ་ཡོད་པ་མ་ཟད། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་བོད་མིའི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་གནང་ཡོད། བཙན་བྱོལ་བོད་མིའི་མང་གཙོ་སྒྲིག་འཛུགས་ནི་སྐྱབས་བཅོལ་བའི་མང་གཙོ་ལས་འགུལ་སྤེལ་མཁན་གཞན་རྣམས་ཀྱིས་ཀྱང་མིག་དཔེ་ལྟ་འོས་པ་ཞིག་ཡིན་སྐོར་གསུངས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་དོན་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཁོང་གིས་བོད་ཀྱི་མང་གཙོའི་འཕེལ་རིམ་དང་ཐབས་བྱུས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་སྐབས། ༸གོང་ས་མཆོག་གི་ཡང་དག་པའི་དབུ་ཁྲིད་འོག་བཙན་བྱོལ་བོད་མིའི་མང་གཙོ་གོང་འཕེལ་དུ་འགྲོ་བཞིན་པའི་སྐོར་དང་། རྒྱ་ནག་གཞུང་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་གཏོར་བཤིག་གི་ལས་འགུལ་སྤེལ་བཞིན་ཡོད་ནའང་། བཙན་བྱོལ་བོད་རྣམས་ཀྱིས་སོ་སོའི་ལྟ་བ་ལངས་ཕྱོགས་འཛིན་སྟངས་ཁྱད་པར་ཡོད་མེད་ལ་མ་ལྟོས་པར་རྡོག་རྩ་གཅིག་སྒྲིལ་ཐོག་བོད་དོན་འཐབ་རྩོད་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པའི་སྐོར་གསུངས་འདུག

སྲིད་སྐྱོང་གིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཞབས་སོར་བདེ་བར་འཁོད་ནས་ལོ་གཅིག་ཙམ་ལས་མ་སོང་བར། ༧གོང་ས་མཆོག་གིས་བཙན་བྱོལ་བོད་མིའི་ལས་དོན་ཚང་མ་མང་གཙོའི་ལམ་སྲོལ་ཐོག་ཕེབས་རྒྱུའི་སྲོལ་བཟང་གཏོད་གནང་བ་ངོ་སྤྲོད་དང་སྦྲགས། བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་ཀྱི་རྨང་གཞི་བརྟན་པོ་ཚགས་ཚུད་ཡོད་པ་དང་། ཉེ་བའི་ཆར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཕྲན་བུའི་བསམ་ཚུལ་མི་མཐུན་པའི་དཀའ་ངལ་དང་། བར་ཆད་ཁ་ཤས་བྱུང་ཡོད་ན་ཡང་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་དེ་ཡང་དག་པ་དང་། མི་མང་ཚོས་བོད་ཀྱི་འཐབ་རྩོད་ཐད་ནུས་པ་མཉམ་སྤུངས་གནང་བཞིན་རེ་བ་ནམ་ཡང་མ་དོར་བར། བོད་ཀྱི་འཐབ་རྩོད་ཐོག་ལ་མུ་མཐུད་ནས་འབད་བརྩོན་གནང་བཞིན་པ་དང་། ད་ལྟའི་ར་ཤེ་ཡ་དང་ཡུཀ་རེན་ནང་གི་གནས་སྟངས་ལས། མི་རིང་བར་རྒྱ་ནག་གི་སྲིད་བྱུས་ངོ་གདོང་དེ་ཡང་གསལ་བོ་ཆགས་ངེས་ཡིན་སྐོར་གསུངས་འདུག

དེ་རྗེས་ཨ་རིའི་མང་གཙོ་གོང་སྤེལ་བསྟི་གནས་ཁང་གི་འགན་འཛིན་གཞོན་པ་སྐུ་ཞབས་བྷི་རི་ཨན་ཇོ་སེ་ཧྥི་(Brian Joseph) ཡིས་བོད་དོན་སྤྱིའི་སྐོར་དང་། དེ་བཞིན་ཕྱི་ལོ་༡༩༩༥ ཟླ་༥ ཚེས་༡༧ ཉིན་རྒྱ་ནག་གཞུང་གིས་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་འཛིན་བཟུང་བཙན་ཁྲིད་བྱས་རྗེས། ད་བར་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གང་དུ་ཡོད་མེད་དང་སྐུ་གཟུགས་བདེ་ཐང་ཡིན་མིན་གྱི་གནད་དོན། མང་གཙོ། འཛམ་གླིང་ཞི་བདེ་དང་བདེ་འཇགས་སོགས་ཀྱི་བརྗོད་གཞི་ཁག་གཅིག་གི་སྐོར་གསུང་བཤད་གནང་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།