བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༡༢ ཕྱི་ལོ་ ༢༠༢༠/༠༧/༢༩

ཁ་སང་ཕྱི་ཟླ་༧ ཚེས་༢༨ ཉིན་སྤྱི་འཐུས་རྒྱུན་ལས་ཀྱི་ངོས་ནས་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་སྤྱི་མོས་ཀྱིས་བསྐོ་གཞག་གནང་ཡོད་པ་དང་། འོས་བསྡུའི་འགན་འཛིན་ལས་འཕར་གཉིས་བསྐོ་གཞག་དམ་འབུལ་བྱས་པ་ནས། འོས་བསྡུའི་ལས་རིམ་དངོས་སུ་འགོ་འཛུགས་དང་། སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུའི་དངོས་གཞིའི་གྲུབ་འབྲས་གསལ་བསྒྲགས་ཟིན་པ་དང་འོས་བསྡུ་ཆེན་མོའི་ལས་རིམ་གྲུབ་པར་ངོས་འཛིན་བྱེད་དགོས། བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་སྤྱི་ཡོངས་ནས་འོས་བསྡུ་བྱས་པའི་ཉམས་མྱོང་དེ་ཕལ་ཆེར་མི་ལོ་༦༠ ཙམ་ཡོད་ཅེས་བརྗོད་ཆོག་ལ། བཀའ་བློན་ཁྲི་པའམ་སྲིད་སྐྱོང་མི་མང་གིས་ཐད་ཀར་འོས་བསྡུ་བྱས་ནས་མི་ལོ་ཉི་ཤུ་ཙམ་ཕྱིན་ཡོད། དེའི་རིང་རིམ་པས་འགྲན་རྩོད་དང་བགྲོ་གླེང་རྣོ་ངར་ཅན་དུ་གྱུར་ཡོད་པ་དང་། འོས་འགྲན་པ་དག་དང་མི་མང་གི་བསམ་བློའི་ནའང་དུའང་མང་གཙོའི་གོམས་གཤིས་ཚད་ལྡན་ཞིག་འཇགས་མེད་སྟབས་འོས་བསྡུ་ཆེན་མོའི་ལས་རིམ་གྲུབ་ཟིན་ཀྱང་། དེ་ལ་བརྟེན་ནས་བྱུང་བའི་རྩོད་རྙོག་ནི་སྤྱི་ཚོགས་ནང་བར་མ་ཆད་དུ་བྱུང་ཡོད།

ཕྱོགས་གཅིག་ནས་མིའི་སྤྱི་ཚོགས་ཆེ་ཆུང་གང་ཡིན་ཡང་རྩོད་རྙོག་མེད་པ་ཞིག་གཏན་ནས་ཡོད་མི་སྲིད་ལ། བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་རྩོད་རྙོག་ཆེན་པོ་གཞན་མེད་པས། འོས་བསྡུའི་ལས་རིམ་འདི་ཉིད་ཚ་ཚ་འུར་འུར་གྱིས་མི་རྩོད་ཀ་མེད་ཅིག་ཏུ་གྱུར་པ་ཡིན་སྲིད། ད་དུང་ཤོད་སྟངས་གཅིག་ལ་སྤྱི་ཚོགས་ཤིག་ལ་རྩོད་གླེང་གི་རྣམ་པ་གཏན་ནས་མེད་ན་སྤྱི་ཚོགས་དེ་ལ་ཡར་རྒྱས་གང་ཡང་མེད་པའི་མངོན་རྟགས་སུ་ངོས་འཛིན་བྱེད་མཁན་ཡང་ཡོད་མོད། བཙན་བྱོལ་བོད་པའི་སྤྱི་ཚོགས་ནི་མི་འབོར་ཉུང་བ་དང་། འཛམ་གླིང་གི་ས་ཕྱོགས་གང་སར་ཁ་འཐོར་དུ་གནས་ཡོད་པ། དོན་གྱིས་རང་ཉིད་ལ་དབང་པའི་མངའ་ཁོངས་གང་ཡང་མེད་སྟབས་གཅིག་སྒྲིལ་བྱེད་ཐུབ་པའི་འཆིང་ཐག་ཉག་གཅིག་ཡོད་པ་དེ་ད་ལྟའི་ཆར་༧གོང་ས་མཆོག་དང་། མ་འོངས་པར་མང་གཙོའི་སྒྲིག་འཛུགས་དང་ལམ་སྲོལ་འདི་ཉིད་ཡིན་དགོས། གལ་སྲིད་མང་གཙོའི་ལམ་སྲོལ་དེ་ང་ཚོ་ཁ་འཐོར་འགྲོ་བའི་རྒྱུ་རྐྱེན་ཞིག་ཏུ་གྱུར་སོང་ན། དུས་དེ་ནས་བཟུང་ང་ཚོ་གཅིག་སྒྲིལ་ཐུབ་པའི་ཐབས་ལམ་གཞན་ཞིག་རྙེད་དཀའ་སྙམ།

སྤྱིར་མང་གཙོའི་སྤྱི་ཚོགས་ནང་འོས་བསྡུ་ཆེན་མོའི་སྐབས་འགྲན་བསྡུར་རྩོད་རྙོག་ཤུགས་ཆེ་ཡོང་གི་ཡོད་པ་དེ་ཆོས་ཉིད་ཡིན་ཡང་། འོས་བསྡུ་ཆེན་མོ་གྲུབ་ནས་རྒྱལ་ཕམ་ཐག་ཆོད་ཟིན་པའི་རྗེས་སུ་ད་དུང་མུ་མཐུད་སྤྱི་ཚོགས་ནང་རྩོད་རྙོག་དེ་དང་འབྲེལ་བའི་འཁོན་འཛིན་དང་། ཕྱོགས་འཐེན་གྱི་རྣམ་པ་བར་མ་ཆད་དུ་གནས་པ་ནི་མང་གཙོའི་གོམས་གཤིས་བཟང་པོ་རྒྱུད་ལ་འཇགས་མེད་པའི་མངོན་རྟགས་སུ་གྱུར་ཡོད། ཕྱོགས་གཅིག་ནས་ཆེད་དུ་རྩོད་རྙོག་དེ་དག་རྒྱུན་མཐུད་གནས་ཐབས་སུ་དམིགས་ཡུལ་ཡོད་པའི་ཐོག་ནས་དཀྲུག་ཤིང་རྒྱག་པ་དང་། རྣམ་པ་འདྲ་མིན་གྱི་ཐོག་ནས་དཀྲོག་གཏམ་སྤེལ་མཁན་ཡང་ཡོད་ངེས་རེད་ལ། རྒྱ་དམར་གཞུང་གི་ངོས་ནས་ཀྱང་ལས་དོན་དེའི་ཐོག་མི་རྒྱུ་གཉིས་ཐོག་ནས་འགྲོ་སོང་གཏོང་གི་ཡོད་པ་ནི་ཁ་ཚོན་བཅད་ནས་བཤད་ཆོག་པ་ཞིག་རེད། སྟོབས་ཆེན་ཨ་རིའི་འོས་བསྡུར་རྒྱ་དམར་གཞུང་གིས་ལག་པ་འཆང་ཐུབ་ས་ནས། རྒྱ་གཞུང་གི་མིག་ནང་གི་གྲ་མར་གྱུར་པའི་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་འོས་བསྡུ་ལ་ཐེ་གཏོགས་དང་འགལ་ཟླ་སློང་ངེས་རེད།

སྐབས་རེ་འོས་བསྡུའི་འགན་འཛིན་རྣམ་པའི་ཐག་གཅོད་བྱེད་ཕྱོགས་ཀྱི་ཐོག་ནས་ཀྱང་། རྩོད་རྙོག་མང་པོ་ཞིག་ཡོང་གི་ཡོད་པ་དང་། འོས་བསྡུའི་སྒྲིག་གཞིའི་ནང་སྲིད་སྐྱོང་གི་འོས་གཞི་ལ་མཚོན་ན་ཉུང་མཐའ་གཉིས་ཙམ་ལས་མང་མཐའ་གཏན་འབེབས་བྱས་མེད་པར། འོས་བསྡུ་ལས་ཁུངས་ལ་དབང་ཚད་སྤྲད་ཡོད་ཀྱང་། སྔོན་འགྲོའི་འོས་བསྡུ་ལ་མ་ཐུག་པའི་བདུན་ཕྲག་རེ་ཟུང་གི་སྔོན་ནས་དངོས་གཞིའི་འོས་གཞིའི་ནང་མི་གྲངས་ག་ཚོད་གཏོང་འཆར་ཡོད་མེད་དེ་ཁ་གསལ་པོ་དང་། མངོན་གསལ་དོད་པོའི་ཐོག་ནས་གསལ་བསྒྲགས་མ་གནང་ན། རྗེས་མ་འོས་གཞི་གཏན་འབེབས་སྐབས་གང་ཟག་དང་ལངས་ཕྱོགས་ལ་དམིགས་ནས་ཐག་གཅོད་བྱས་པ་ལྟ་བུའི་རྩོད་རྙོག་ཀྱང་ཡོང་གི་ཡོད། ད་དུང་འོས་ཤོག་རྩིས་མེད་གཏོང་ཕྱོགས་ལ་མཚོན་ནའང་སྐབས་སྔོན་མ་ཞིག་ལ་འོས་བསྡུའི་འགན་འཛིན་རྣམ་པས་སྒྲིག་གཞིའི་གོ་དོན་ལོག་འགྲེལ་བྱས་པའི་ལོ་རྒྱུས་ཀྱང་བྱུང་མྱོང་ལ། འོས་བསྡུའི་འགན་འཛིན་རྣམ་པའི་ཐག་གཅོད་བྱེད་ཕྱོགས་ཀྱིས་སྤྱི་ཚོགས་ནང་རྩོད་རྙོག་མང་པོ་ཞིག་རང་བཞིན་གྱིས་འཇམ་དུ་འགྲོ་ཐུབ།

མདོར་ན་མང་གཙོའི་ཁེ་དབང་ཞེས་པ་དེ་འོས་ཤོག་འཕེན་པ་དང་། འོས་གཞིར་ལང་རྒྱུ་དེ་ཁོ་ན་མིན་ཡང་། དེ་ཡང་མང་གཙོའི་ཁེ་དབང་ཆེ་ཤོས་ཀྱི་གྲས་ཤིག་རེད། འོས་བསྡུ་ལ་བརྟེན་ནས་རྩོད་རྙོག་ཐག་གཅོད་ཐུབ་དགོས་པ་ལས། འོས་བསྡུ་ལ་བརྟེན་ནས་སྤྱི་ཚོགས་དུམ་བུར་འགྲོ་བའི་གནས་ཚུལ་ཡོང་གི་ཡོད་ན། ད་དུང་མང་གཙོའི་གོམས་གཤིས་དང་ཆ་ལག་ཡོངས་སུ་མ་རྫོགས་པའི་རྒྱུ་མཚན་བརྟེན་ནས་བྱུང་ཡོད། མ་འོངས་པར་འོས་གཞིར་བཞེངས་མཁན་དང་། རྒྱབ་སྐྱོར་བྱེད་མཁན་དང་། སྤྱི་ཚོགས་ཁྱོན་ཡོངས་ནས་རིག་པ་གྲུང་པོ་བྱེད་མ་ཐུབ་པ་དང་། དགྲ་དང་གཉེན་གྱི་དབྱེ་བ་འབྱེད་མ་ཐུབ་པར་དཀྲུག་ཤིང་རྒྱག་མཁན་རྣམས་ཀྱི་ཁ་ལ་ཉན་ནས་མུ་མཐུད་རྩོད་རྙོག་འབའ་ཞིག་གི་ནང་དུ་འཐིམས་ནས་བསྡད་ན། མ་འོངས་པར་བཙན་བྱོལ་བོད་པའི་སྤྱི་ཚོགས་དང་བོད་མིའི་སྒྲིག་འཛུགས་ལ་ནུས་པ་གང་ཡང་མེད་པར་འགྱུར་ངེས་རེད། དེར་བརྟེན་མིང་དང་གོ་ས་ཆེ་ཆུང་ལ་མ་ལྟོས་པར་སྤྱི་ཚོགས་ཁྱོན་ཡོངས་དང་ལྷག་པར་དུ་གནད་ཡོད་མི་སྣ་རྣམས་ཀྱིས་གནད་དོན་འདི་ལ་འགན་ངེས་པར་དུ་ཁུར་རན་འདུག །