བཙན་བྱོལ་བོད་མིའི་རྒྱལ་ཡོངས་འོས་བསྡུ་ཆེན་མོ།

ཟླ་འདིའི་ཚེས་༡༨ ཉིན་བཙན་བྱོལ་བོད་མི་གནས་སྡོད་བྱེད་སའི་རྒྱལ་ཁབ་ཚང་མའི་ནང་བོད་མིའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོ་བྱས་ཡོད་པ་དང་། དྷ་སར་མཚོན་ན་མི་མང་འདུ་འཛོམས་བྱེད་བདེ་སའི་ས་ཚིགས་མང་པོར་འོས་འཕེན་ས་གྲ་སྒྲིག་བྱས་ཡོད་པ་རེད།

ljuiiའོས་བསྡུ་འདི་ནི་བོད་མི་མང་སྤྱི་འཐུས་སྐབས་བཅུ་དྲུག་པ་དང་། བཀའ་ཤག་སྐབས་བཅོ་ལྔ་པའི་སྲིད་སྐྱོང་འོས་བསྡུ་ཡིན་པ་དང་། ༧གོང་ས་མཆོག་བགྲེས་ཡོལ་གནང་རྗེས་ཀྱི་འོས་བསྡུ་ཐེངས་དང་པོ་དེ་ཆགས་ཡོད་པ་རེད།

སྐབས་འདིར་སྲིད་སྐྱོང་འོས་མིར་ལངས་མཁན་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་དང་། སྤྱི་འཐུས་ཚོགས་གཙོ་ལས་ཐོག་སྤེན་པ་ཚེ་རིང་། དགུ་བཅུ་གསུམ་ཚོགས་གཙོ་ཨ་ཚོགས་ཀླུ་མཁར་བྱམས། མཉམ་འབྲེལ་འགན་འཛིན་བཀྲ་ཤིས་དབང་འདུས། དམག་མི་ཟུར་པ་བཀྲ་ཤིས་སྟོབས་རྒྱལ་བཅས་ལྔ་ཡོད་པ་རེད། དེ་བཞིན་སྤྱི་འཐུས་འོས་མིར་ལངས་མཁན་ཡང་ཧ་ཅང་མང་པོ་ཡོད་པ་དང་། འོས་བསྡུ་མ་སླེབས་པའི་ཟླ་བ་མང་པོའི་སྔོན་ནས་སོ་སོ་འོས་མིར་ལངས་རྒྱུ་ཡིན་པའི་ཁྱབ་བསྒྲགས་སྤེལ་ཏེ། བཙན་བྱོལ་ནང་དོ་སྣང་ཤུགས་ཆེན་བྱས་ཡོད་པ་མ་ཟད། བརྒྱུད་ལམ་འདྲ་མིན་ནས་བོད་ནང་ནས་ཀྱང་དོ་སྣང་མང་པོ་བྱས་ཡོད་པ་རེད།

ཉིན་དེར་དྷ་སར་ཨེ་ཤ་ཡ་མང་གཙོ་འབྲེལ་མཐུད་ཁང་(Asia Democracy Network) དང་ཨེ་ཤ་ཡ་རང་དབང་འོས་བསྡུའི་འབྲེལ་མཐུད་ཁང་ (Asian Network for Free Elections) གཉིས་ཀྱི་ཚོགས་མི་བཞི་དྷ་སར་ཕེབས་ཏེ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྤྱི་འཐུས་བཅས་ཀྱི་རྒྱལ་ཡོངས་འོས་བསྡུ་ཆེན་མོར་རྟོག་ཞིབ་གནང་བཞིན་ཡོད་པ་རེད།

voteཐེངས་འདིའི་འོས་བསྡུའི་སྔོན་ནས་སྲིད་སྐྱོང་དང་སྤྱི་འཐུས་གཉིས་ཀྱི་འོས་མིར་ལངས་མཁན་མང་པོས་ཁྱབ་བསྒྲགས་ཤུགས་ཆེན་བྱས་པ་དང་། མི་མང་གིས་དེའི་སྐོར་གླེང་སློང་ཡང་མང་པོ་བྱུང་ཡོད་རེད། ཉིན་འདིའི་ཞོགས་པ་སྔ་པོ་ནས་བོད་མི་རྒན་པ་ལོ་ན་བརྒྱད་ཅུ་དགུ་བཅུ་ཟིན་མཁན་ཡང་འོས་འཕེན་སར་ཡོད་པ་དང་། དེ་བཞིན་ལོ་ན་བཅོ་བརྒྱད་ཟིན་པའི་ཕོ་མོ་རྒན་གཞོན་སྐྱ་སེར་ཁྱད་མེད་འོས་འཕེན་སླེབས་འདུག་ལ། དྷ་སར་མཚོན་ན་འོས་འཕེན་པ་ཆ་ཚང་གིས་སྲིད་སྐྱོང་འོས་མི་གྲ་སྒྲིག་ཡོད་པ་ལྟ་བུ་འདུག་ཀྱང་། སྤྱི་འཐུས་སུ་འདེམས་དགོས་མིན་གཏན་ཁེལ་དེ་ཙམ་མེད་མཁན་ཡང་ཡོད་པ་ལྟ་བུ་ཡང་མངོན་འདུག་ལ། འོས་འཕེན་གྱི་ལོ་ན་ཟིན་ཡང་འོས་བསྡུའི་དེབ་སྐྱེལ་བྱས་མེད་པར་འོས་འཕེན་མ་ཐུབ་མཁན་ཡང་བྱུང་ཡོད་པ་རེད།

འོས་ཤོག་འཕེན་མཁན་ཞིག་ལ་འོས་བསྡུའི་ཐོག་མཐོང་སྣང་ག་འདྲ་བྱུང་སྐོར་བཅར་འདྲི་བྱས་པར། ཁོང་གིས། “མང་གཙོའི་སྤྱི་ཚོགས་ནང་འོས་བླུགས་རྒྱུ་དེ་འགན་ཆེ་ཤོས་ཤིག་རེད་ལ། འོས་མི་ནང་ལངས་མཁན་ཡང་མང་པོ་ཡོད་པ་དེ་དགའ་འོས་པ་ཞིག་རེད་མོད། ང་རང་གིས་མཐོང་སྣང་ལ་དེའི་ནང་རིགས་གསུམ་འདྲ་འདུག སྤྱི་འཐུས་ལངས་མཁན་ལ་ཆ་བཞག་ན་སློབ་སྦྱོང་ཅུང་ཚད་མཐོན་པོ་ཐོན་པ་དང་མཉམ་དུ་དཔོན་པོ་བྱེད་རྒྱུའི་འདོད་རྔམས་ཀྱིས་ཤར་རྒྱག་སྤྱི་འཐུས་ལ་ལངས་མཁན་དང་། རིགས་གཅིག་དཔལ་འབྱོར་ཅུང་ཡག་པོ་ཡོད་པ་དང་། གོ་གནས་ཤིག་དགོས་ཀྱི་འདུག་བསམ་ནས་འོས་མིར་ལངས་མཁན། རིགས་གཅིག་བོད་མི་མང་ལ་ཞབས་ཞུ་དགོས་བསམ་ནས་འོས་མིར་ལངས་བཅས་གསུམ་མཐོང་སོང་། འོས་མིར་ལངས་མཁན་འོས་འཕེན་མཁན་གཉིས་ཀས་རྒྱལ་ཁབ་དང་མི་རིགས་ལ་འགན་ཁུར་ནས་འོས་ཤོག་འཕེན་དགོས་པ་དེ་གལ་ཆེན་པོ་འདུག”ཅེས་འགྲེལ་བརྗོད་གནང་སོང་།

འོས་འཕེན་པ་གཞན་ཞིག་ལ་བཅར་འདྲི་བྱས་པར། ཁོང་གིས། “ངས་སྐབས་སྔོན་མ་འོས་ཤོག་འཕངས་ཡིན། དེ་དང་བསྡུར་ན་ད་ཐེངས་མི་མང་ནང་དོ་སྣང་ཆེ་བ་ཡོད་པ་མཐོང་སོང་། དེ་རིང་ཡིན་ན་སོ་སོ་རྒྱལ་ཁབ་ཀྱི་ངོ་ཡོད་པའི་ཚོར་སྣང་དང་། སོ་སོའི་འགོ་ཁྲིད་སོ་སོས་འདེམས་ཀྱི་ཡོད་པས། ཚོར་སྣང་སྐྱིད་པོ་ཞིག་འདུག དེ་བཞིན་སོ་སོའི་དགའ་ཕྱོགས་དེར་སོ་སོས་འཕེན་ཆོག་དུས་དམིགས་བསལ་ཚོར་སྣང་ཞིག་ཡོང་གི་འདུག སྐྱོན་ཆ་ནས་བཤད་ན་སྤྱི་ཚོགས་འབྲེལ་མཐུད་དྲ་བ་ཁག་ཏུ་སོ་སོ་མི་དགའ་སའི་འོས་མིར་དེ་བརྙན་འཛུགས་དང་། པར་འདྲ་མིན་བཟོ་བ་སོགས་སྐྱོན་ཆ་འདྲ་མཐོང་སོང་ཡང་། མང་གཙོའི་སྤྱི་ཚོགས་འདི་གུ་ཡངས་པོ་ཡིན་པས། འདྲ་མིན་ཡོང་སྲིད་པ་ཞིག་ཀྱང་རེད་”ཅེས་འགྲེལ་བརྗོད་གནང་སོང་།།