བཙན་བྱོལ་བོད་མིའི་རྩ་དོན།
(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༢༤ ཡི་ཆེད་བརྗོད།) བཙན་བྱོལ་བོད་མིའི་རྩ་དོན་ཞེས་བཤད་ཡོང་བའི་སྐབས་སུ་ཕྱོགས་གཅིག་ནས་ཧ་ཅང་རྒྱ་ཆེན་པོ་ཡིན་པ་དང། བོད་རྒྱལ་ཁབ་སླར་གསོ་དང། བོད་མི་རིགས་ཀྱི་བདེ་སྡུག་ཆེད་རང་དབང་རང་བཙན་རྩོད་རྒྱུ་དེ་ཡིན་པས། ཆོས་དང་རིག་གནས་རྒྱུན་འཛིན་བྱ་རྒྱུ་སོགས་ནི་དེའི་ཞོར་དུ་འགྲུབ་ཡོང་བ་ཞིག་གམ། ཡང་ན་རང་དབང་རང་བཙན་སླར་གསོ་ཐུབ་སོང་ན་ཆོས་དང་རིག་གནས་རྒྱུན་འཛིན་བྱ་རྒྱུར་དཀའ་ངལ་གང་ཡང་མེད་པ་ཞིག་ཏུ་ངོས་འཛིན་བྱེད་ཆོག ཆེ་ས་ནས་བཤད་ན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅུ་གསུམ་པའི་ནང་གསེས་གསུམ་པ། “བོད་དོན་བདེན་མཐའ་གསལ་ཐབས་ལ་འབད་བརྩོན་བྱ་རྒྱུ།”ཞེས་འཁོད་ཡོད་པས། ནུས་པ་དང་སེམས་ཤུགས་ཀྱིས་འདེང་ན་བཙན་བྱོལ་བོད་མི་ལ་ལས་འགན་ཧ་ཅང་ཆེན་པོ་ཡོད་པ་དེ་གསལ་པོ་རེད། འོན་ཀྱང་དོན་དངོས་སུ་བཙན་བྱོལ་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་ཀྱིས་སྙོབ་ཐུབ་པ་དང། ལས་དོན་ཁྱབ་ཁོངས་ཐོག་ནས་ནུས་པ་ཐོན་ཐུབ་པ་དང། དམིགས་ཡུལ་དང་ལས་འཆར་དུ་གསལ་བ་ནི་གནས་སྐབས་བཙན་བྱོལ་བོད་མིའི་བདེ་དོན་ཙམ་རེད།
ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནས་བོད་དེ་ལོ་རྒྱུས་ཐོག་ནས་རང་བཙན་ཡིན་པའི་ངོས་འཛིན་ཐོབ་ཡོད་ནའང། དེའི་ཆེད་དུ་བོད་མིའི་སྒྲིག་འཛུགས་ལ་དམིགས་ཡུལ་རྒྱ་ཆེན་པོ་དང་། འཆར་གཞི་དང་ལྡན་པའི་ལས་འགུལ་ཡང་དམིགས་བསལ་གང་ཡང་མེད། གལ་སྲིད་བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་ཡིན་པའི་ཁུངས་སྐྱེལ་ཞིག་བྱེད་བཞིན་ཡོད་པའི་དབང་དུ་བཏང་ནའང་། དེ་ནི་མ་འོངས་པར་བོད་རྒྱ་ཁོངས་སུ་སྡོད་ཆེད་ཡིན་པ་ལས། དོན་དངོས་ཐོག་ནས་བོད་དོན་བདེན་མཐའ་གསལ་ཐབས་སུ་དམིགས་པ་ཞིག་གཏན་ནས་མ་རེད། ད་ལྟའི་ཆར་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་སྣེ་མོ་བ་རེ་ཟུང་གིས་ཀྱང་བོད་རྒྱ་ནག་གི་ཁོངས་གཏོགས་ཡིན་པ་དང། ལྷག་པར་དུ་ཁམས་ཕྱེད་ཀ་དང་། ཨ་མདོ་ཆ་ཚང་ནི་དུས་ཡུན་རིང་མོ་ནས་རྒྱ་ཁོངས་ཡིན་པའི་སྒྲུབ་བྱེད་ལྟ་བུ་ཆེད་དུ་དྲིལ་བསྒྲགས་བྱེད་བཞིན་འདུག བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་མ་འོངས་པར་བོད་རྒྱ་ནག་གི་ཆ་ཤས་བྱས་ནས་སྡོད་འཆར་ཡོད་པ་དེ་ནི་བཅའ་ཁྲིམས་སུ་གསལ་བའི་བོད་དོན་གྱི་བདེན་མཐའ་ཞེས་པ་དེ་ཡིན་མི་རུང་བ་ཞིག་རེད།
བོད་དང་རྒྱ་ནག་གཉིས་ཀྱི་དམིགས་ཡུལ་དང་ངོས་འཛིན་བྱེད་སྟངས་གཏན་ནས་མི་འདྲ་ཡང། ལོ་རྒྱུས་ནང་མཆོད་ཡོན་གྱི་འབྲེལ་བ་དེ་རྒྱུན་རིང་པོའི་བར་གནས་ཡོད། འོན་ཀྱང་རྒྱལ་དབང་སྐུ་ཕྲེང་གསུམ་པའི་དུས་སུ་ཨུ་རུ་སུ་དང། སོག་པོའི་གནས་སྟངས། རྒྱ་ནག་ནང་ཆིང་གོང་མ་མགོ་རྟིང་སློག་ཆེད་མི་མང་གི་ལས་འགུལ། རྒྱ་གར་མི་མང་གིས་དབྱིན་ཇིའི་བཙན་གནོན་འོག་རང་བཙན་རྩོད་ལེན་གྱི་ལས་འགུལ་བཅས་དངོས་སུ་གཟིགས་པའི་ཉམས་མྱོང་དང། འཛམ་གླིང་འཁྲུག་ཆེན་དང་པོའི་གནས་སྟངས་སོགས་དངོས་སུ་མཁྱེན་པའི་ཐོག་ནས། བོད་དུ་རྒྱ་ནག་གི་དབང་ཤུགས་མེད་པ་བཟོས་ནས་ད་ལྟ་རྒྱལ་སྤྱིའི་ངོས་འཛིན་དང་མཐུན་པའི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་རྒྱུན་འཛིན་བྱས་ཡོད། སྤྱིར་སྐབས་དེ་དུས་འཛམ་གླིང་རྒྱལ་ཁབ་ཁག་སྤྱི་ཡོངས་ཀྱི་གནས་སྟངས་དང། འཁྲུག་ཆེན་གཉིས་པ་མཇུག་བསྡུས་ནས་མཉམ་འབྲེལ་རྒྱལ་ཚོགས་བཙུགས་རྗེས་ཀྱི་འཛམ་གླིང་རྒྱལ་ཁབ་ཁག་གི་རང་བཙན་རྒྱལ་ཁབ་ཀྱི་གནས་བབས་ངོས་འཛིན་བྱེད་སྟངས་ཐད་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད།
འོན་ཀྱང་བོད་རྒྱལ་ཁབ་ཀྱི་ངོས་ནས་དུས་རྒྱུན་རྒྱ་ནག་གི་ཁོངས་གཏོགས་དང། རྒྱ་ནག་གི་རྒྱལ་པོ་རིམ་བྱུང་གི་ཆབ་འབངས་ཡིན་བསམ་པའི་བསམ་བློ་དང་ངོས་འཛིན་ཞིག་གཏན་ནས་བྱེད་མ་མྱོང་བ་ནི་ལོ་རྒྱུས་ཀྱི་ཐོག་ནས་ར་སྤྲོད་ཐུབ་པ་ཞིག་རེད། འོན་ཀྱང་རང་བཙན་རྩོད་པའི་དགོས་པ་དང་། དམིགས་ཡུལ། ནུས་པ་དང་གོ་སྐབས་བཅས་ཡོད་ན། མ་འོངས་པའི་རྒྱལ་ཁབ་ཀྱི་མདུན་ལམ་ཐག་གཅོད་བྱེད་པར་འདས་པའི་ལོ་རྒྱུས་ཁོ་ནར་གཞི་འཛིན་དགོས་པ་ཞིག་གཏན་ནས་མིན། དཔེར་ན་ཨ་ཧྥི་རི་ཀ་གླིང་ཕྲན་གྱི་རྒྱལ་ཁབ་སུ་ཌཱན་(Sudan)དེ་མི་མང་གི་མངོན་འདོད་བཞིན་འཐོར་ཞིག་ཏུ་གྱུར་ནས། ཕྱི་ལོ་༢༠༡༡ ཟླ་༧ ཚེས་༩ ཉིན་ལྷོ་སུ་ཌཱན་རྒྱལ་ཁབ་དེ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་འཛིན་ཡོད་པའི་རང་བཙན་རྒྱལ་ཁབ་ཅིག་ཏུ་གྱུར་པ་རེད། ལྷོ་སུ་ཌཱན་ནི་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་མིན་ཡང། མི་མང་གི་མངོན་འདོད་བཞིན་ལས་འགུལ་སྤེལ་ནས་རང་བཙན་རྒྱལ་ཁབ་ཅིག་ཏུ་གྱུར་པ་ནི་འཛམ་གླིང་འདིའི་ཐོག་ནས་དཔེ་མཚོན་གསར་ཤོས་སུ་གྱུར་ཡོད།
མདོར་ན་བོད་ནང་དུ་རྒྱ་དམར་གཞུང་གི་དམ་དྲག་དང་བཙན་གནོན་ཆེན་པོ་ཡོད་པས། བཙན་བྱོལ་བོད་མི་ལ་མཚོན་ན་དམིགས་ཡུལ་རྒྱ་ཆེན་པོ་བཟུང་ནས་འཐབ་རྩོད་ཅིག་བྱེད་མ་ཐུབ་ན། བཙན་བྱོལ་བོད་མིའི་རྩ་དོན་ནི། བཙན་བྱོལ་སྤྱི་ཚོགས་ཀྱི་འཚོ་བའི་བདེ་དོན་ཁོ་ན་ཙམ་དུ་འགྱུར་སྲིད། ༧གོང་ས་མཆོག་སྐུ་མ་བཞུགས་པའི་གནས་སྟངས་ཤིག་བྱུང་བའི་དབང་དུ་བཏང་ན། སྐབས་དེ་ནས་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས་ག་འདྲ་ཞིག་ཏུ་འགྱུར་སྲིད་མིན། དེའི་ཆེད་དུ་གདོང་ལེན་དང་འཆར་གཞི་ག་འདྲ་དགོས་མིན་བཅས་ལ་མཁས་པ་རྣམས་ཀྱིས་ཞིབ་འཇུག་དང་བགྲོ་གླེང་། སྒྲིག་འཛུགས་དང་མི་མང་གི་ངོས་ནས་གྲ་སྒྲིག་ཡག་པོ་ཞིག་བྱེད་དགོས་པ་དུས་ཀྱི་དགོས་མཁོ་ཉག་གཅིག་ཏུ་གྱུར་ཡོད་ཀྱང། དེའི་སྐོར་ཞིབ་འཇུག་དང་དོ་སྣང་རྒྱ་ཆེན་པོ་བྱེད་མཁན་གང་ཡང་མེད་པར་༧གོང་ས་མཆོག་གི་ཡང་སྲིད་སྐོར་ལ་ཚང་མས་ཧབ་ཐོབ་ལྟ་བུ་བྱེད་བཞིན་འདུག འཕྲལ་ཕུགས་གང་ཐད་ནས་བཙན་བྱོལ་བོད་གཞུང་དང་བཙན་བྱོལ་སྤྱི་ཚོགས་ཀྱི་མ་འོངས་པའི་སྐོར་ལ་ཞིབ་འཇུག་དང་གྲ་སྒྲིག་དགོས་པ་ནི་དུས་ལ་བབས་ཟིན་པ་རེད།།