བཙན་བྱོལ་བོད་མིའི་ལོ་རྒྱུས་དང་འབྲེལ་བའི་བཙན་བྱོལ་ཞེས་པའི་པར་དེབ་དབུ་འབྱེད།
༡༩༥༩ གོང་གི་གནས་ཚུལ་དང་མ་འདྲ་བར་༧གོང་ས་མཆོག་གིས་ཆོས་ལུགས་རིས་མེད་ཀྱི་གཟིགས་པ་གནང་བ་དེ་སྔོན་གྱི་ལོ་རྒྱུས་ནང་ཡོད་མ་རེད་ཅེས་མཁས་དབང་བཀྲ་ཤིས་ཚེ་རིང་གིས་གསུངས་སོང་།
ཟླ་འདིའི་ཕྱི་ཚེས་༡༧ ཉིན་དྷ་ས་མེག་གྷན་ནོར་བུ་གསོལ་མགྲོན་ཁང་དུ་བོད་མིའི་པར་རིགས་ཡིག་ཚགས་ཚོགས་པས་ཕྱི་ལོ་༡༩༥༩ ནས་༡༩༨༩ བར་གྱི་བཙན་བྱོལ་བོད་པའི་འདྲ་པར་སྣ་ཚོགས་ཡོད་པའི་དཔེ་དེབ་བཙན་བྱོལ་ཞེས་པ་ཞིག་དབུ་འབྱེད་བྱས་ཡོད་པ་དང་། དེའི་མཛད་སྒོར་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་དགེ་བྱེད་དང་། རྒན་བསྟན་འཛིན། མཁས་དབང་བཀྲ་ཤིས་ཚེ་རིང་གསུམ་གྱིས་དབུས་པའི་སྤྱི་འཐུས་དང་རྩོམ་པ་པོ། གཞན་མི་མང་བཅས་ཁྱོན་མི་གྲངས་༣༠ ཡས་མས་ཤིག་འཛོམས་འདུག
པར་དེབ་དེའི་ནང་༧གོང་ས་མཆོག་གི་སྐུ་པར་གཙོས་ཆིབས་བསྒྱུར་དང་། མང་གཙོ། འཚོ་གནས། ཤེས་ཡོན། ཆོས་རིག་བཅས་སྡེ་ཚན་ལྔ་རུ་བགོས་ཡོད་པ་རེད།
བཙན་བྱོལ་ཞེས་པའི་དཔེ་དེབ་ཀྱི་རྩོམ་སྒྲིག་པ་བློ་བཟང་རྒྱ་མཚོས་འགྲེལ་བརྗོད་གནང་བ་ལྟར་ན། བོད་མིའི་པར་རིགས་ཡིག་ཚགས་ཚོགས་པའི་དགོས་དམིགས་གཙོ་བོ་ནི། བཙན་བྱོལ་བོད་པའི་ལོ་རྒྱུས་འདྲ་པར་གྱི་ལམ་ནས་ཉར་ཚགས་བྱ་རྒྱུ་དེ་ཡིན་པ་དང་། ད་ཐེངས་ཁོ་ཚོས་དཔེ་དེབ་གསར་པ་བཙན་བྱོལ་ཞེས་པ་དེ་འགྲེམས་སྤེལ་བྱེད་དོན་ནི། ད་བར་ཁོ་ཚོས་བཙན་བྱོལ་བོད་གཞུང་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག གཞན་མི་སྒེར་བཅས་ཀྱི་འདྲ་པར་ལོ་མང་རིང་བསྡུ་རུབ་བྱས་པ་རྣམས་དེབ་གཟུགས་ཀྱི་ལམ་ནས་འགྲེམས་སྤེལ་བྱས་པ་བརྒྱུད་མང་ཚོགས་ནས་འདྲ་པར་ནང་གི་དངོས་བྱུང་ལོ་རྒྱུས་ལ་ཤེས་རྟོགས་དང་ཚོར་བ་ཞིག་སླེབས་རྒྱུ་དེ་ཡིན་སྐོར་དང་། དེ་བཞིན་༡༩༥༩ ནས་༡༩༨༩ བར་གྱི་འདྲ་པར་རྣམས་དེབ་དེའི་ཐོག་བཀོད་དགོས་དོན་ནི། ཕྱི་ལོ་༡༩༨༩ ལོར་༧གོང་ས་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་རྗེས་འཛམ་གླིང་ནང་བོད་ཟེར་དུས་སྐད་གྲགས་ཆེ་རུ་སོང་ཡོད་ཁར། ཚང་མས་དོ་སྣང་ཡང་ཤུགས་ཆེ་རུ་ཕྱིན་ཡོད་སྟབས། གནས་སྟངས་སྐྱོ་བའི་སྐབས་ཀྱི་བཙན་བྱོལ་གྱི་དུས་ཡུན་ཁྲོད་ན་༧གོང་ས་མཆོག་དང་མི་རབས་རྒན་པ་རྣམས་ཀྱིས་དཀའ་ལས་ག་རེ་བརྒྱབས་པ་དེའི་ལོ་རྒྱུས་བསྟན་རྒྱུའི་ཆེད་དང་། ད་དུང་༧གོང་ས་མཆོག་དང་བཙན་བྱོལ་གྱི་མི་ཐོག་རྒན་པ་རྣམས། རྒྱ་གར་གཞུང་དང་རྒྱ་གར་གྱི་མི་སྣ་མང་པོ་ཞིག་གིས་བཅའ་ཁྲིམས་ཟིན་བྲིས་བརྒྱབས་པས་མཚོན་པའི་རོགས་སྐྱོར་མང་པོ་གནང་ཡོད་པས་དེ་དག་ལ་ཐུགས་རྗེ་ཆེ་ཞུ་དང་རྗེས་དྲན་གྱི་ཆེད་དུ་ཡང་ཡིན་སྐོར་གསུངས་སོང་།
དེ་རྗེས་བཀའ་ཟུར་བཀྲས་མཐོང་དགེ་བྱེད་ཀྱིས་ཕྱི་རྒྱལ་གྱི་དེབ་སྒྲིག་སྦྱོར་གྱི་ཐོག་ནས་བལྟས་ནའང་དཔེ་དེབ་ཡག་པོ་བྱུང་འདུག་སྐོར་དང་། ནང་དོན་གྱི་ཐད་ནས་བོད་ཀྱི་ལོ་རྒྱུས་ནང་གལ་གནད་དུ་གྱུར་པའི་གནད་དོན་མང་པོ་ཞིག་ཆགས་ཡོད་སྐོར་བཅས་ཀྱི་ཐོག་ནས་དཔེ་དེབ་ལ་བསྔགས་བརྗོད་དང་།
འདྲ་པར་རྣམས་དཔེ་དེབ་གཅིག་པུ་མ་ཡིན་པར་བརྙན་ཐུང་གི་ལམ་ནས་འགྲེམས་སྤེལ་བྱེད་ཐུབ་ཚེ་དགེ་མཚན་ཆེན་པོ་ཡོད་སྐོར་གསུངས་སོང་།
དེ་རྗེས་རྒན་བསྟན་འཛིན་གྱིས་བུ་གསོ་ཁང་གི་ལོ་རྒྱུས་དང་འབྲེལ་བའི་ཐོག་ནས་ཁོ་རང་གི་ཚེ་སྟོད་དུ་རྒྱ་དམར་གྱིས་བོད་བཙན་བཟུང་བྱས་སྐོར་དང་། རྒྱ་གར་དུ་བཙན་བྱོལ་ལ་ཡོང་ཚུལ། བཙན་བྱོལ་དུ་འབྱོར་རྗེས་ཧིན་སྒོར་༣༠ ཐམ་པས་བུ་གསོ་ཁང་འགོ་འཛུགས་སྐོར། གཞན་ཡང་བོད་དུ་རྒྱ་དམག་གིས་ཐོག་མར་བཙན་བཟུང་བྱེད་སྐབས་༧གོང་ས་མཆོག་གི་སྐུ་ཕྱྭའི་ཐད་སེམས་ཁྲལ་བྱུང་ནས་མི་ཚེའི་ནང་གི་སྡུག་བསྔལ་ཆེ་ཤོས་དེ་བྱུང་ཡང་། རྗེས་སུ་༧གོང་ས་མཆོག་རྒྱ་གར་ལ་ཕེབས་ཟིན་པ་གོ་རྗེས་མི་ཚེའི་ནང་གི་དགའ་བ་ཆེ་ཤོས་དེ་བྱུང་སྐོར་བཅས་སོགས་གསུངས་སོང་།
དེ་རྗེས་ལོ་རྒྱུས་མཁས་དབང་བཀྲ་ཤིས་ཚེ་རིང་གིས་“ང་ཚོ་བཙན་བྱོལ་ནང་དང་པོ་འབྱོར་མ་ཐག་ནས་བོད་མིའི་གནད་ཡོད་མི་སྣས་༧སྐུ་མདུན་ཡིད་བཞིན་ནོར་བུར་དུས་ཚོད་གསར་པ་རེད། དེང་དུས་རེད། དེང་རབས་རེད། ཨོ་ཀི་སི་ཧྥོར་ཌི་དང་ཧ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་དུ་བསྡད་དགོས་རེད། ཡོངས་འཛིན་རྣམ་པ་གཉིས་མཉམ་དུ་བཞུགས་དགོས་མ་རེད། སོ་སོ་སོ་སོའི་དགོན་པར་ཕེབས་ན་ཡག་པོ་ཡོད་རེད་ཟེར་ཞུ་མཁན་བྱུང་ཡོད་རེད། ༡༩༥༡ ལོར་བོད་ནས་བསྣམས་ཕེབས་པའི་གསེར་དངུལ་མང་པོ་ཞིག་འབྲས་ལྗོངས་ལ་ཡོད་རེད། དེ་དག་བེད་སྤྱོད་གནང་ནས་༧སྐུ་མདུན་ཡིད་བཞིན་ནོར་བུ་མཐོ་སློབ་ཁག་དེ་དག་ནང་ཕེབས་ནས་སྤྲོ་པོ་གནང་བསྡད་ན་འགྲིག་གི་ཡོད་རེད་དེ། དེ་གནང་ཡོད་མ་རེད། བོད་མི་མང་བློས་གཏོང་གནང་ཡོད་མ་རེད། བོད་མི་མང་གི་དོན་དག་ལ་གནད་ཆེ་ས་གཅིག་ནས་ཕོ་མོ་འདྲ་མཉམ་གྱི་སློབ་སྦྱོང་དང་། སློབ་གྲྭ་བཙུགས་རྒྱུ། ཕོ་མོ་འདྲ་མཉམ་ཐོག་སྨན་སྦྱོང་རྒྱུ་བཅས་མཛད་ཡོད་རེད། སྔོན་མ་བུ་མོར་སྨན་སྦྱོང་རྒྱུ་དང་སློབ་གྲྭ་འགྲོ་རྒྱུའི་གོ་སྐབས་ཡོད་མ་རེད། དེ་ནས་རིགས་དང་རུས་དང་། གོ་ས་མཐོ་དམན། རྒྱུ་ཆེ་ཆུང་། ཆོལ་ཁ། ཕོ་མོ་སོགས་ཀྱི་ཁྱད་པར་མེད་པར་ཚང་མ་གཅིག་གྱུར་གྱི་རྩ་ཁྲིམས་རིན་པོ་ཆེ་བཟོས་གནང་། དེ་འདྲ་བྱས་ནས་༧རྒྱལ་བ་ཡིད་བཞིན་ནོར་དུ་ཁོང་གཅིག་པུའི་ཐུགས་རྗེ་དང་སྨོན་ལམ། གཟི་བརྗིད་ཀྱི་ཐོག་ནས་དུས་ཚོད་དཀའ་ལས་ཁག་པོ་ཞིག་གི་ནང་ཚང་མས་དཀའ་ལས་བརྒྱབས་ཡོད་རེད། དེ་གཅིག་བཤད་འདོད་བྱུང་། དཔེར་ན་ང་ཚོ་འདྲ་ཡིན་ན་མི་ལ་ཁ་མདོག་ཡོད་མ་རེད། གང་ཡང་ཤེས་ཀྱི་ཡོད་མ་རེད། ཕན་ཐོགས་པ་ཞིག་དང་ཁུངས་ལུང་ཡོད་པ་ཞིག་ཤེས་ཀྱི་ཡོད་མ་རེད། ཙ་གེ་ཙིག་གེ་ཤེས་པ་དེ་ཡང་༧སྐུ་མདུན་ཡིད་བཞིན་ནོར་བུ་རང་གི་ཐུགས་རྗེ་བཀའ་དྲིན་ཡིན་པ་དེ་དུས་ནམ་ཡང་བརྗེད་ཀྱི་མེད་ལ། ཕོ་ལོ་༡༦ ནས་དྷ་རམ་ས་ལ་ཡོང་ནས་ཉི་མ་དེ་རིང་བར་དུ་ཕོ་བྲང་འདིའི་ཞབས་སུ་བསྡད་ཐུབ་ན་བསམ་ནས་སོ་སོས་འཇོན་ཚོད་དཔག་ཚོད་ཀྱིས་ཞབས་འདེགས་ཞུ་མཁན་གྱི་མི་ཞིག་ཡིན། ༧སྐུ་མདུན་ཡིད་བཞིན་ནོར་བུས་ཐུགས་དགོངས་པ་ཆེན་པོའི་ཐོག་ནས། སྐུ་ལས་འོ་བརྒྱལ་ཆེན་པོའི་ཐོག་ནས། བོད་འབངས་བློས་མ་བཏང་བ་གཅིག་པུ་མ་རེད། ཧི་མ་ལ་ཡའི་རི་རྒྱུད་བོད་རིགས་ཡོད་ཚད་བློས་མ་བཏང་ནས་ཚང་མར་གཟིགས་པ་གནང་ཡོད་རེད། གནད་ཆེ་ཤོས་དེ་༡༩༥༩ གོང་གི་གནས་ཚུལ་དང་མ་འདྲ་བར་ཆོས་ལུགས་རིས་མེད་ཀྱི་གཟིགས་པ་གནང་ཡོད་རེད། དེ་ཚོ་སྔོན་གྱི་ལོ་རྒྱུས་ནང་དེ་ཡོད་མ་རེད།”ཅེས་སོགས་མཐུན་རྐྱེན་ཞན་པའི་ཐོག་མའི་བཙན་བྱོལ་གྱི་སྐབས་སུ་རྒྱ་གར་གཞུང་དང་མཛའ་བརྩེའི་འབྲེལ་བ་བླ་ན་མེད་པ་གནང་ཚུལ་དང་། ལས་བྱེད་རྒན་རབས་ཚོས་ཀྱང་དབུ་འོག་དཔུང་འདེགས་ཐོག་གཞིས་ཆགས་ཁག་ནང་བྱ་དེའི་གྲངས་ཀ་ཚུན་ཆད་གསལ་པོ་ཡོད་པའི་ཐོག་ནས་ཞིབ་ཕྲའི་གཟིགས་སྐྱོང་གནང་ཡོད་སྐོར། དེ་བཞིན་༧གོང་ས་མཆོག་གི་སྐུ་དྲིན་འོག་བོད་གཞུང་དང་རྒྱ་གར་གཞུང་། ཡེ་ཤུའི་ཆོས་ཚོགས་བཅས་ཀྱི་གཟིགས་སྐྱོང་འོག་གཞིས་ཆགས་ཁག་བརྒྱབས་སྐོར་བཅས་ཟབ་རྒྱས་གསུངས་རྗེས། དེ་སྔོན་བོད་ནང་སྐུ་དྲག་དང་བླ་ཆེན་ཚོ་ལས་མང་ཚོགས་ལ་པར་ཆས་མེད་སྐོར་དང་། བོད་དུ་ཐོག་མར་པར་ཆས་བྱུང་སྟངས་དང་དེ་འབྲེལ་གྱི་གནས་ཚུལ་སོགས་མདོར་ན་བོད་དང་པར་གྱི་འབྲེལ་བ་བྱུང་སྟངས་ཀྱི་ཐོག་ལ་དཔེ་མཚོན་ར་སྤྲོད་དང་སྦྲགས་ཞིབ་ཚགས་པོར་གསུངས་སོང་།
བོད་མིའི་པར་རིགས་ཡིག་ཚགས་ཚོགས་པས་ལོ་ངོ་གཉིས་ལྷག་གི་རིང་ལ་སྒྲིག་སྦྱོར་བྱས་པའི་དེབ་ཀྱི་མིང་ལ་བཙན་བྱོལ་ཞེས་འདོགས་དགོས་དོན་ནི།རང་རེ་བོད་པ་རྣམས་སྐྱབས་བཅོལ་ཙམ་མ་ཡིན་པར་ཆབ་སྲིད་ཀྱི་ཐོག་ནས་ཡུལ་གྱར་བ་ཆགས་ཡོད་པའི་དབང་གིས་དོན་དུ་བཙན་བྱོལ་བ་ཡིན་པ་བཞིན། དེབ་དེའི་མིང་ལ་ཡང་བཙན་བྱོལ་ཞེས་བཏག་པ་ཞིག་རེད་འདུག་ལ། དྲ་ཚིགས་ཁ་བྱང་(www.tibetansinexile.org) བརྒྱུད་ནས་འདྲ་པར་ལ་བལྟ་ཐུབ་ཀྱི་ཡོད་པ་དང་། ལས་གཞི་འདིར་མཐུན་སྦྱོར་རོགས་རམ་གཙོ་བོ་བྱེད་མཁན་ནི་(National Geography) ཡིན་པ་རེད།།
གསར་འགོད་པ་བཀྲ་ཤིས་དོན་གྲུབ།