བཙན་བྱོལ་བོད་མིར་རྒྱལ་ཞེན་མེད།

(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༡༩ ཆེད་བརྗོད།)

རྒྱ་དམར་དྲག་པོའི་གཞུང་གིས་བོད་སར་བཙན་འཛུལ་དང་ཧམ་བཟུང་བྱས་ནས་མི་ལོ་བདུན་ཅུ་ལ་ཉེ་བ་དང། རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བྱེད་མཁན་བཙན་བྱོལ་བོད་མི་འབུམ་གཅིག་དང་ཕྱེད་ཙམ་ཡོད་པར་རོབ་རྩིས་བྱེད་བཞིན་ཡོད། འདས་པའི་མི་ལོ་སུམ་ཅུ་ལ་ཉེ་བའི་རིང་རྒྱ་དམར་གཞུང་གི་གཡོ་བྱུས་དང་འཆར་འགོད་འོག་བཙན་བྱོལ་བོད་མིའི་འཐབ་རྩོད་ཀྱི་བསམ་བློ་ལ་ཉམས་ཆག་ཆེན་པོ་ཕྱིན་ཡོད། སྔ་ཕྱིའི་བྱུང་རིམ་ཅུང་ཙམ་བརྗོད་ན་ཕྱི་ལོ་༢༠༠༠ ལོར་ར་ཤི་ཡར། ཕྱི་ལོ་༢༠༠༨ ལོའི་དབྱར་དུས་ཀྱི་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་དེ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚོག་རྒྱུའི་ཐག་གཅོད་བྱུང། སྐབས་དེར་རྒྱལ་སྤྱིའི་ནང་བོད་དོན་རྒྱབ་སྐྱོར་ལ་ཤུགས་རྐྱེན་ཆེ་བའི་སྐབས་ཡིན་པ་དང་། རྒྱ་གཞུང་གིས་མཚོ་སྔོན་གཏེར་ལེན་ས་ཁུལ་དུ་གྲོང་ཁྱེར་གསར་སྐྲུན་གྱི་ལས་འཆར་ལ་རྒྱལ་སྤྱིའི་དངུལ་ཁང་ནས་རོགས་སྐྱོར་བྱ་རྒྱུ་ཁས་ལེན་བྱས་ཟིན་ཀྱང་། བོད་པ་དང་བོད་དོན་རྒྱབ་སྐྱོར་བས་ངོ་རྒོལ་ཤུགས་ཆེར་བྱས་ནས་རོགས་སྐྱོར་ཕྱིར་འཐེན་བྱས་པའི་སྐབས་དང་ཁེལ་ཡོད།

ར་ཤི་ཡའི་རྒྱལ་ས་མོ་སི་ཁོར་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་ཀྱི་འབྲེལ་ཡོད་དཔོན་རིགས་རྣམས་ཀྱིས་༢༠༠༨ ལོའི་དབྱར་དུས་ཀྱི་ཨོ་རྩལ་འགྲན་ཚོགས་རྒྱ་ནག་ཏུ་འཚོག་རྒྱུའི་ཐག་གཅོད་བྱེད་སྐབས། ས་གནས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང། བོད་དོན་རྒྱབ་སྐྱོར་བས་ངོ་རྒོལ་སྐད་འབོད་ཤུགས་ཆེར་བྱེད་བཞིན་ཡོད་པ་མ་ཟད། འཛམ་གླིང་གི་ས་གནས་གང་སར་བོད་མི་ཚོས་ངོ་རྒོལ་སྐད་འབོད་བྱེད་བཞིན་ཡོད། དེར་བརྟེན་རྒྱ་གཞུང་གིས་༧གོང་ས་མཆོག་གི་སྐུ་ཚབ་དང་ཐུག་འཕྲད་གྲོས་མོལ་བྱེད་འདོད་ཡོད་པའི་རྣམ་འགྱུར་བསྟན་པ་དང། ཕྱི་ལོ་༢༠༠༢ ལོ་ནས་རྒྱ་གཞུང་གིས་ལོ་ལྟར་སྐུ་ཚབ་གཉིས་དང་ཐུག་ཡོད་ལ། ཕྱི་ལོ་༢༠༠༨ ལོར་ཐེངས་གཉིས་ཐུག་ཡོད། དེའི་བརྒྱུད་རིམ་ནང་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གིས་རྒྱལ་སྤྱིའི་སྟེང་ནས་ཨོ་རྩལ་འགྲན་ཚོགས་དང་འབྲེལ་བའི་ངོ་རྒོལ་མི་བྱེད་པའི་འབོད་སྐུལ་གནང་ཡོད་ལ། ཐ་ན་རྒྱ་གཞུང་གི་དཔོན་རིགས་རྣམས་ལ་ངོ་རྒོལ་སྐད་འབོད་མི་བྱེད་པར་ཞི་མོལ་གྱི་ཁོར་ཡུག་བསྐྲུན་དགོས་པའི་བཀོད་ཁྱབ་ཀྱང་བཏང་ཡོད།

སྐབས་དེ་དུས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང། བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེའི་རྣམ་འགྱུར་དང་བཀའ་མོལ་གྱི་ཐོག་ནས་བཟང་ཕྱོགས་ཀྱི་རེ་བ་ཆེན་པོ་ཞིག་གཟིགས་ཡོད་པ་མ་ཟད། མི་རིགས་ས་གནས་རང་སྐྱོང་སྐོར་ཕྱི་ལོ་༢༠༠༥ ལོར་མཁས་པའི་ལྷན་ཚོགས་ཤིག་ཕྱི་དྲིལ་ལས་ཁུངས་ནས་གོ་སྒྲིག་གནང་སྐབས། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་འདུའི་འཚོག་སྟངས་ཀྱི་གྲ་སྒྲིག་གམ་སྦྱོང་བརྡར་ལྟ་བུར་དགོངས་པ་འདྲ། ཁོང་གིས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་སྐབས། གདན་ཞུས་གཏམ་བཤད་གནང་མཁན་རྒྱལ་ཁབ་མང་པོ་ནས་ཕེབས་པའི་མཁས་དབང་རྣམ་པ་དང། ཚོགས་ཞུགས་པ་རྣམས་ལ་དུས་རྒྱུན་བོད་ལུགས་ཀྱི་འཚམ་འདྲི་གནང་སྟངས་ལྟར་མ་ཡིན་པར། རྒྱ་ནག་དམར་ཤོག་གི་འགྲོ་སྟངས་ལྟར་ཐོག་མར། བློ་མཐུན་རྣམ་པ། ཞེས་ཕེབས་བསུའི་གསུང་བཤད་དབུ་འཛུགས་གནང་བའང་བྱུང་ཡོད་པས། སྟོང་བསམ་མམ་ཐུགས་རེ་ཆེན་པོ་གནང་ཡོད་པ་དེ་དོན་དངོས་སུ་གྱུར་ཡོད།

རྒྱ་གཞུང་གིས་ཨོ་རྩལ་འགྲན་ཚོགས་གྲུབ་ནས་ཡ་ལན་ཆེན་པོ་ཞིག་བྱས་མེད་ཀྱང། བཙན་བྱོལ་བོད་མི་རྣམས་ཀྱིས་མུ་མཐུད་རེ་བ་དང་འབད་བརྩོན་མཚམས་བཞག་མེད། བཙན་བྱོལ་བོད་མིས་རྒྱ་དམར་གཞུང་ལ་བསྟོད་བསྔགས་དང། རྒྱ་ནག་གི་རྒྱལ་དར་འཕྱར་བ་སོགས་ལ་གཞུང་འབྲེལ་གྱིས་ངོ་རྒོལ་བྱེད་མཁན་མེད་ཀྱང། རྒྱ་གཞུང་གི་རྒྱལ་དར་མེར་སྲེག་གཏོང་མི་རུང་བའི་བཀའ་སློབ་ཡང་ཡང་ཕེབས་ཡོད། རྒྱ་ནག་དམར་གཞུང་གི་རྩ་ཁྲིམས་འོག་སྡོད་སྟངས་སྐོར་དྲིལ་བསྒྲགས་དང་། ཟབ་སྦྱོང་གང་མང་སྤེལ་ནས་བཙན་བྱོལ་བོད་མིའི་བསམ་བློའི་ནང་རྒྱལ་ཞེན་གྱི་བསམ་བློར་ཉམས་ཆག་ཆེན་པོ་བྱུང་ཡོད། བཙན་བྱོལ་སྤྱི་ཚོགས་ནང་དགྲ་བོ་རྒྱ་དམར་གཞུང་ལ་འཁོན་འཛིན་ལས། བོད་མི་ནང་ཁུལ་དུ་འཁོན་འཛིན་ཆེ་བའི་རྣམ་པ་དང། རྒྱ་གཞུང་ལ་ངོ་རྒོལ་མི་བྱེད་པར་བོད་པ་ནང་ཁུལ་དུ་ངོ་རྒོལ་བྱེད་པ། ལྷག་པར་དུ་སྤྱི་དོན་དང་རྒྱལ་ཞེན་གྱི་བསམ་བློ་ལས། སྒེར་དོན་དང་ཟས་གོས་ཀྱི་གནད་དོན་ལ་བསམ་བློ་གཏོང་མཁན་མང་དུ་སོང་ཡོད་པ་ནི་དོན་དངོས་སུ་གྱུར་ཡོད།

མདོར་ན་ད་ལྟའི་གནས་སྟངས་དང་ཁ་ཕྱོགས་འདི་ལ་བལྟས་ན། ཉེ་ཆར་རྒྱ་གར་གྱི་ན་གཞོན་ཞིག་གིས་བཙན་བྱོལ་བོད་མི་ལ་རྒྱལ་ཞེན་མེད་པ་དང། བོད་དོན་སྐོར་རྒྱལ་སྤྱིའི་ནང་ཤུགས་རྐྱེན་ཐེབས་ཐུབ་པའི་དཔེ་དེབ་གྲགས་ཅན་ཞིག་འབྲི་ཐུབ་མཁན་གྱི་བོད་མི་ཞིག་ཀྱང་གསོ་སྐྱོང་ཐུབ་མེད་པ། བོད་མི་རྣམས་ཀྱིས་བོད་དོན་མི་འགྲུབ་པར་རྒྱལ་སྤྱིའི་གནད་དོན་ལ་སེམས་ཁུར་བྱེད་པར་ནུས་པ་གང་ཡང་མེད་ཚུལ་བརྗོད་པ་དེར། མི་འདོད་བཞིན་དུ་བདེན་ཁ་མི་སྟེར་ཀ་མེད་དུ་གྱུར་ཡོད། བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་དང། མ་འོངས་པར་བོད་ཀྱི་གནད་དོན་སྐོར་གྱི་སྲིད་བྱུས་ལ་འགྱུར་བ་ཞིག་གཏོང་མ་ཐུབ་ན་བཙན་བྱོལ་བོད་མི་རྣམས་ལ་ཆོས་དང་ཆབ་སྲིད་གཉིས་ཐད་ནས་ནུས་མེད་ཞིག་ཏུ་འགྱུར་རྒྱུ་ཉག་གཅིག་ལས་རེ་བ་གང་ཡང་མེད་པ་ལྟ་བུར་འགྱུར་ངེས་རེད། ད་ལྟ་༧གོང་ས་མཆོག་ཞལ་བཞུགས་ཡོད་པས་ཉེན་ཁ་དེ་ཙམ་མེད་ཀྱང། མ་འོངས་པའི་གནས་སྟངས་ལ་ཕྱོགས་གང་ནས་བལྟས་ཀྱང་གཡང་གཟར་འབའ་ཞིག་ལས་བདེ་ལམ་ཞིག་མེད་པ་ཕལ་ཆེར་གཏན་ཁེལ་འདུག།