བཙན་བྱོལ་མཛེས་མ་དང་བློ་བཟང་དབང་རྒྱལ་གཉིས་གླེང་བ།  

བསྟན་འཛིན་རང་བྱུང་། 

ཕྱི་ལོ ༢༠༡༦ ལོའི་བཙན་བྱོལ་མཛེས་མའི་བོད་སྐད་ཡིག་གི་གནས་བབ་ལས་འཕྲོས་པའི་དྲ་ཐོག་གི་གནས་ཚུལ་སྐོར་ཞིག་ལ་མདོར་བསྡུས་ནས་ལེན་འདེབས་བྱེད་རྒྱུ་ཡིན།

Winner of the Miss Tibet Pageant 2016  Tenzing Sangnyi receiving winner's cheque from sponsor Jangchup Nyendak as Director Lobsang Wangyal looks at Tipa, McLeod Ganj, on 5 June 2016.

༡) བསྟན་འཛིན་སངས་ཉི་བོད་མི་རིགས་ངོ་མ་ཞིག་ཡིན་པ་བསྙོན་མེད་རེད་ཟེར།
ལན།  བོད་མི་རིགས་དངོས་གནས་ཟེར་བ་དེ་ཡང་སྙིང་ག་འདྲ་ཞིག་ལ་གོ་དགོས་།  ཆོས་ལུགས་དང་དད་མོས།  ས་ཁོངས་དང་ཁྲག་རྒྱུན། ལོ་རྒྱུས་དང་ཆབ་སྲིད། ད་དུང་སེམས་པ་བཟང་མིན་དང་། མི་དྲང་བོ་ཡིན་མིན་སོགས་རྒྱུ་མཚན་བྱེ་བྲག་པ་ཞིག་གིས་ཡོངས་ཁྱབ་རང་བཞིན་གྱི་སྒོ་ནས་བོད་མི་རིགས་དངོས་གནས་ཡིན་མིན་ནམ་ཡང་མཚོན་མི་ཐུབ།  འོན་ཀྱང་།  བོད་མི་རིགས་ཚང་མར་ཐུན་མོང་གི་ཡོད་པའི་ངོ་བོ་གཅིག་ཡོད་པ་དེ་ནི། བོད་ཀྱི་ཐུན་མོང་གི་སྐད་ཡིག་དང་། སྐད་ཡིག་དེ་ལ་བརྟེན་པའི་བོད་མིའི་ཐུན་མོང་གི་སྤྱི་ཚོགས་རིག་གནས་འདུ་ཤེས་ཀྱི་བསམ་བློ་དེ་གཉིས་ཡིན།  དེ་ཡང་མཐར་གཏུག་ནས་བཤད་ན། བོད་ཀྱི་སྐད་ཡིག་ནི་བོད་མི་རིགས་ཀྱི་ཐུན་མོང་བསམ་བློའི་འདུ་ཤེས་ཀྱི་རྨང་གཞི་ཡིན།  གལ་སྲིད།  ཕ་མའི་ཁྲག་རྒྱུན་ཙམ་བོད་རིགས་ལས་སྐྱེས་པ་ཞིག་ཡིན་ནའང་།  ཁྱེད་རང་ལ་བོད་ཀྱི་སྐད་ཡིག་དང་དེ་ལ་བརྟེན་པའི་བོད་ཀྱི་ཐུན་མོང་སྤྱི་ཚོགས་འདུ་ཤེས་ཀྱི་བསམ་བློ་ཡང་མེད་ཚེ།  ཁྱེད་ཀྱིས་ཇི་ལྟར་རང་ཉིད་བོད་རིགས་ངོ་མ་ཞིག་ཡིན་པ་བསྒྲུབ་རྒྱུ་ཡིན།

༢) བོད་རིགས་གཞོན་སྐྱེས་ཚོར་སེམས་ཤུགས་སྤོར་དགོས་པ་ལས་སྐྱོན་བརྗོད་བྱེད་མི་ཉན་ཟེར།
ལན།  སེམས་ཤུགས་སྤོར་དགོས་པ་བདེན་པ་ཡིན་ན་ཡང་།  ལེགས་སྤེལ་ཉེས་འགོག་གི་སྐྱོན་བརྗོད་བྱས་ནས་ཡར་རྒྱས་གཏོང་དགོས་པ་ནི་དེ་ལས་ཀྱང་གལ་ཆེན་དང་ཁ་ཚ་དགོས་གཏུགས་རེད།  གཏམ་དཔེར།  སྐྱོན་བརྗོད་མེད་ན་ཡར་རྒྱས་མེད་དང་།  ཤ་ཚ་བའི་གཏམ་ལ་སྙན་མོ་མེད་ཟེར་མ་ཡིན་ནམ།  འོན་ཀྱང་། གང་ཟག་སྒེར་ལ་ཕན་སེམས་ཀྱི་སྒོ་ནས་སྐྱོན་བརྗོད་བྱེད་དགོས་པ་ལས་ཕ་རོལ་བོ་ལ་ཕྲག་དོག་དང་གནག་སེམས་ཀྱིས་བསླངས་པའི་སྐྱོན་བརྗོད་བྱེད་མི་རུང་།   སེམས་ཤུགས་གཅིག་པུ་ཙམ་སྤེལ་ནས་ར་མ་ལུག་གི་བོད་ཀྱི་མི་རབས་ཤིག་བསྐྱེད་བསྲིང་བྱེད་པ་ལས།  སྐྱོན་བརྗོད་བྱས་ནས་བོད་མི་སྤུས་དག་ཁ་ཤས་གསོ་སྐྱོང་བྱས་ན་མི་དགའ་འམ།

༣) བོད་ལ་དགའ་ཞེན་དང་སེམས་ཤུགས་ཡོད་ན་བོད་སྐད་མི་ཤེས་ཀྱང་མི་སྐྱོན་ཟེར།
ལན། བོད་ལ་དགའ་ཞེན་དང་སེམས་ཤུགས་ཡོད་པར་རྗེས་སུ་ཡིད་རངས་ཀྱི་གནས་རེད། ཕྱི་རྒྱལ་བ་ཚོའི་ནང་དུ་ཡང་བོད་ལ་དགའ་ཞེན་དང་སེམས་ཤུགས་ཡོད་མཁན་ཧ་ཅང་མང་།  འོན་ཀྱང་། བོད་སྐད་མི་ཤེས་ཞིང་དེ་དང་འབྲེལ་བའི་རིག་གནས་འདུ་ཤེས་དེ་མེད་ཚེ། ཁྱེད་རང་ནམ་ཡང་བོད་རིགས་ངོ་མ་ཞིག་ཏུ་ཆགས་ཐུབ་མེད།  བོད་རིགས་ངོ་མ་ཡིན་མིན་གྱི་ས་མཚམས་དེ་སེམས་ཤུགས་ཆེ་མིན་གྱི་སྒང་ན་མེད། གལ་སྲིད།  ཁྱེད་རང་ཆེས་མི་ཐ་ཤལ་ཞིག་ཡིན་ན་ཡང་། བོད་སྐད་དང་བོད་ཀྱི་སྤྱི་ཚོགས་རིག་གནས་འདུ་ཤེས་དེ་ཡོད་ཚེ། ཁྱེད་རང་བཀྲུས་ནས་མི་དག་པའི་བོད་པ་དེ་ཡིན།  བོད་རིགས་དངོས་གནས་ཡིན་མིན་གྱི་གནད་དོན་ནི།  སེམས་བཟང་མིན་དང་སྤྱོད་པ་ཡག་སྡུག་ཙམ་གྱིས་འབྱེད་ཀྱི་མེད།

༤) བོད་སྐད་དང་བོད་ཀྱི་རིག་གནས་འདུ་ཤེས་མེད་པ་དེ་ཁོར་ཡུག་གི་ཤུགས་རྐྱེན་གྱིས་རེད། དེ་དམིགས་བསལ་མ་རེད་དམ་ཟེར།
ལན། བོད་མི་རིགས་ཤིག་གི་ངོ་བོ་ཚང་མིན་དེ་བོད་ཀྱི་སྐད་ཡིག་དང་དེས་བསྐྱེད་པའི་རིག་གནས་འདུ་ཤེས་ཀྱིས་ཐག་གཅོད་དགོས་པ་ལས། དེ་ལ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་བཞིན་དམིགས་བསལ་གཏོང་རྒྱུ་དང་གནས་ཚུལ་གཞན་ལ་ཁག་འགེལ་བྱེད་རྒྱུ་ནམ་ཡང་མེད།  བོད་ནང་དུ་རྒྱ་ནག་གཞུང་གིས་སྐད་ཡིག་ཐོབ་ཐང་བཙན་འཕྲོག་གི་དཀའ་ངལ་དང་།  བཙན་བྱོལ་དུ་ཕྱིའི་ཤུགས་རྐྱེན་གྱིས་བོད་ཀྱི་སྐད་ཡིག་དང་འདུ་ཤེས་ལ་འཇབ་རྒོལ་ཐེབས་པ་སོགས་བཤད་མི་ཚར་བའི་རྒྱུ་མཚན་མང་བོ་ཞིག་ཡོད་ངེས་ཀྱང་།  མཐར་དེད་ན་རང་གིས་མ་བྱས་པའམ་ཡང་ན་མ་འཇོན་པ་དེའི་འགྲེལ་བཤད་ཙམ་ལས་གང་ཡང་མིན། འོན་ཀྱང་།  རང་ཉིད་ལ་འོས་ཆོས་གང་ཞིག་ཚང་མེད་པ་དེ་ཡར་རྒྱས་བཏང་ནས་མཐར་ཚད་ལྡན་གྱི་བོད་མི་ཞིག་ཆགས་རྒྱུའི་ཐོབ་ཐང་ཚང་མར་ཡོད་པ་ཡིན།

༥) བོད་ཀྱི་སྐད་ཡིག་ཤེས་ཁག་པོ་དང་སྦྱོང་ཁག་པོ་འདུག་ཟེར།
ལན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཐོ་ལྟར་ན།  ཕ་སྐད་ནི་སྤྱིའི་ཆ་ནས་ཤེས་སླ་ཤོས་དེ་ཡིན་ཞེས་བཤད་འདུག  བོད་སྐད་བཤད་པར་མི་དགའ་ཞིང་བོད་ཡིག་ཀློག་པར་མི་སྤྲོ་མཁན་ཚོ་ལ་ལས་སླ་བོ་ཞིག་མིན་ཡང་སྲིད།  གང་ཡིན་ཟེར་ན།  ཁྱེད་ཀྱི་སློབ་སྦྱོང་གི་དུས་ཚོད་མང་ཆེ་བ་སྐད་ཡིག་གཉིས་པ་ཞིག་ལ་ཨུ་ཚུགས་ཀྱིས་འཇུས་ནས་བསྐྱལ་ཚར་བས་རེད།  དཔེར་ན།  རྒྱ་སྐད་འདི་འཛམ་གླིང་སྐད་ཡིག་ཁྲོད་ཀྱི་སྦྱོང་དཀའ་ཤོས་ཨང་དང་པོ་དེ་རེད། འོན་ཀྱང་།  ཕྱི་སྡོད་རྒྱ་རིགས་ཁྲོད་དུ་རྒྱ་སྐད་རྒྱ་ཡིག་མི་ཤེས་མཁན་ཞིག་ཕལ་ཆེར་བཙལ་ན་རྙེད་དཀའ་བའི་ཚད་རེད། ལྷག་པར་ཁོ་ཚོས་རྒྱ་སྐད་བསྐྱོན་ཚེ་སྐད་རིགས་གཞན་ཞིག་དང་བསྲེ་ནས་ནམ་ཡང་མི་བསྐྱོན།  ཨ་རབ་དང་ནི་ཧོང་གི་སྐད་ཡིག་སྦྱོང་དཀའ་ཤོས་ཨང་གཉིས་པ་དང་གསུམ་པ་རེད། འོན་ཀྱང་།  རང་སྐད་མི་ཤེས་པའམ་རང་སྐད་ཐུག་པ་བཞིན་དཀྲུགས་ནས་སྐྱོན་མཁན་གྱི་ཨ་རབ་དང་ཉི་ཧོང་བ་ག་ཚོད་ཅིག་ཁྱེད་ཀྱིས་མཐོང་མྱོང་།

༦) བོད་སྐད་ཡིག་མི་ཤེས་མཁན་ཙམ་ལ་སྐྱོན་བརྗོད་བྱེད་མཁན་ཚོ་ཀླད་པ་མཁྲེགས་པོ་དང་རྗེས་ལུས་རེད་ཟེར།
ལན། ཁྱེད་ཀྱིས་རྗེས་ལུས་དང་སྔོན་ཐོན་ཟེར་བ་དེར་འགྲེལ་བཤད་ཅིག་བསྐྱོན་དང་།  དཔལ་འབྱོར་དང་ཆབ་སྲིད། ཚན་རིག་སོགས་ཀྱི་སྡེ་ཚན་ལས།  གཞན་མི་རིགས་ཞིག་གི་ངོ་བོ་ཡིན་མིན་སྐོར་ལ་རྗེས་ལུས་དང་སྔོན་ཐོན་ཟེར་བ་ཞིག་མེད་པར་སྣང་།  ཁྱེད་རང་དེང་རབས་ཡིན་མདོག་གིས་མི་རིགས་ཀྱི་ངོ་བོ་ལ།  སྐད་ཡིག་དང་རིག་གནས་འདུ་ཤེས་སོགས་གང་ཡང་མི་དགོས་ཟེར་ན།  སྐད་ཆ་དེས་ཁྱེད་རང་རིག་གནས་གསར་བརྗེའི་སྐབས་ཀྱི་སྔོན་ཐོན་པ་ཞིག་ཏུ་བསྒྲུབས་པ་ལས་དེང་རབས་ཤེས་ཡོན་སྔོན་ཐོན་ཞིག་ཏུ་བསྟན་མེད།

༧)  བོད་ཀྱི་མཛེས་མས་བོད་སྐད་ཡིག་རྗེས་སུ་ག་ལེར་ཡར་རྒྱས་བཏང་ན་འགྲིག་གི་རེད་ཟེར།
ལན། གལ་སྲིད་འགྲན་སྡུར་དེ་བོད་རིགས་ཡིན་པའི་རྨང་གཞིའི་ཐོག་ཏུ་འཚོག་བཞིན་ཡོད་ཚེ།  བོད་རིགས་ཀྱི་ངོ་བོ་ཆ་ཚང་མེད་མཁན་ཞིག་ལ་བོད་ཀྱི་མཛངས་མའི་མཚན་སྙན་དེ་ནམ་ཡང་མི་ཐོབ།  གནད་དོན་དེ་ནི་དཔེར་ན།  སློབ་གྲྭ་ཆེན་མོའི་ལག་འཁྱེར་སྔོན་ལ་བླངས་ནས་སློབ་གྲྭ་ཆེན་མོའི་སློབ་སྦྱོང་རྗེས་ལ་བྱེད་ཀྱི་ཡིན་བཤད་པ་ལྟ་བུ་ཞིག་རེད།  ལུགས་ལྡོག་གི་གོ་རིམ་དེ་འདྲ་ཁས་ལེན་མཁན་གྱི་སློབ་གླིང་ཞིག་འཛམ་གླིང་འདི་ན་ཡོད་རྒྱུ་མ་རེད།

༨) ནོར་འཁྲུལ་དེ་ཡོད་ཚད་མཛེས་མ་བསྟན་འཛིན་སངས་ཉི་ལ་ཡོད་པ་རེད་ཟེར།
ལན། བོད་སྐད་གཙང་མ་ཞིག་བསྐྱོན་མ་ཐུབ་པ་དེ་སངས་ཉི་ལགས་ཀྱི་ཞན་ཆ་ཆེན་པོ་ཞིག་ཡིན་ན་ཡང་།  ནོར་འཁྲུལ་དེ་ཡོད་ཚད་ཁོ་མོར་གཅིག་པུར་འགེལ་མི་རུང་།  ཁྱེད་ཀྱིས་གཟིགས་དང་།  ཕུགས་རྒྱང་རིང་བོའི་བཙན་བྱོལ་སྤྱི་ཚོགས་ཀྱི་དགོས་མཁོར་དམིགས་ནས།  བོད་གཞུང་གི་ཕྱི་བསྐྱོད་སློབ་ཡོན་ཁག་དང་།  སྲིད་སྐྱོང་སློབ་ཡོན།  གཞུང་ཞབས་ལས་བྱེད་ཀྱི་ས་མིག་ཁག  དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་སྡེ་མང་བོ་ཞིག་ལ་བོད་སྐད་ཡིག་ཤེས་དགོས་པའི་མ་མཐའི་ཆ་རྐྱེན་ཡོད། འོན་ཀྱང་། བློ་བཟང་དབང་རྒྱལ་གྱི་མཛེས་མ་འགྲན་སྡུར་ལ་ཆ་རྐྱེན་དེ་འདྲ་གཏན་ནས་མེད།  ཐ་ན་འགྲན་སྡུར་འདི་ལ་བོད་ཀྱི་དཔྱ་ཁྲལ་རང་བཙན་ལག་དེབ་ཀྱི་ངོ་བཤུས་ཙམ་ཡང་སྟོན་མི་དགོས།  བློ་བཟང་དབང་རྒྱལ་གྱི་འགྲན་སྡུར་འདིའི་གཟུ་དཔང་པ་ཚང་མ་ཡང་བོད་ཀྱི་རིག་གནས་དང་མཛེས་དཔྱོད་ལྟ་བར་གོ་རྟོགས་ཅི་ཡང་མེད་པའི་ཕྱི་རྒྱལ་མགོ་སེར་དང་རྒྱ་གར་ཚོང་པ་ཁ་ཤས་ཡིན།   ཁོ་ལ་མཚོན་ན།  ཧི་མ་ལ་ཡའི་མཛེས་མ་དང་བོད་ཀྱི་མཛེས་མའི་འགྲན་སྡུར་འདི་གཉིས་ལོ་གཅིག་གི་ཡོང་འབབ་ཐོན་ཁུངས་གཙོ་བོ་གཉིས་ཡིན།  བུ་མོ་ཁ་ཤས་གར་སྟེགས་སྟེང་དུ་འགྲོ་ཐུབ་པ་ཙམ་གྱིས་ཁོའི་དམིགས་ཡུལ་འགྲུབ་བཞིན་ཡོད། དེར་བརྟེན།  འགན་དང་ནོར་འཁྲུལ་གཙོ་བོ་བློ་བཟང་དབང་རྒྱལ་ལ་ཡོད།

༩) བཙན་བྱོལ་གྱི་བོད་མི་ཚང་མས་རང་ཉིད་ཀྱི་ངོ་བོ་ཡོངས་སུ་བརླགས་ཟིན་ཟེར།
ལན། ཁྱེད་རང་ཉིད་ཀྱིས་ཐོག་མར་བོད་ཀྱི་ངོ་བོ་ཞེས་པ་དེར་གོ་བ་ཟབ་མོ་ཞིག་ལེན་རྒྱུ་གལ་ཆེ། དེ་བཞིན་སྤྱི་ཚོགས་ཁྱོན་ཡོངས་ལ་རྒྱུགས་པ་ལེབ་རྡུང་མི་བྱེད་རྒྱུ་དེའང་ཤེས་དགོས།  ་བཙན་བྱོལ་སྤྱི་ཚོགས་ཁྲོད་དུའང་བོད་སྐད་ཡིག་དང་རིག་གནས་འདུ་ཤེས་བཅས་ལ་གཟེངས་སུ་ཐོན་པའི་མི་སྣ་ཡང་ཧ་ཅང་མང་པོ་གསོ་སྐྱོང་བྱས་ཡོད།  སོ་སོའི་ཕྱོགས་ནས་འཐུས་ཤོར་དུ་སོང་བའི་མི་སྒེར་ཁ་ཤས་ནི་བོད་ཕྱི་ནང་གཉིས་སུ་ཡོད་པ་ཡིན། སྤྱི་ཚོགས་ཤིག་ལ་མཚོན་ན་ཡག་སྡུག་གཉིས་ཆ་ཡོད་པ་དེ་ཆོས་ཉིད་ལྟ་བུ་ཞིག་རེད།  བུ་མོ་གཅིག་གི་ཐུག་ཤིང་བཀོལ་ནས་བཙན་བྱོལ་གྱི་མི་འབོར་སྟོང་ཕྲག་བརྒྱ་དང་བཞི་བཅུ་ལྷག་ལ་བསྡོམས་རྒྱག་མི་རུང་།

༣)  ད་ཐེངས་ཀྱི་གནས་ཚུལ་འདི་བློ་བཟང་དབང་རྒྱལ་ལ་འབྲེལ་བ་མི་འདུག་ཟེར།
ལན། ད་ཐེངས་ཀྱི་གནད་དོན་འདིའི་འགན་གཙོ་བོ་བློ་བཟང་དབང་རྒྱལ་གྱིས་འཁུར་དགོས།  གལ་སྲིད།  བསྟན་འཛིན་སངས་ཉི་ལགས་ཀྱིས་བོད་སྐད་ཡིག་ཡར་རྒྱས་མ་བཏང་པར་འཐུས་ཤོར་ཕྱིན་ཡོད་ན། བློ་བཟང་དབང་རྒྱལ་གྱིས་མཛེས་མ་འགྲན་སྡུར་འདིའི་གཞི་རིམ་གྱི་ཆ་རྐྱེན་ཁྲོད་དུ་བོད་སྐད་ཡིག་རང་རྐྱ་འཕེལ་བ་ཞེས་མ་བཀོད་པ་ནི་ནོར་འཁྲུལ་ཆེ་ཤོས་དེ་རེད།   ནོར་འཁྲུལ་དེ་སྐབས་འདི་གཅིག་པུ་ཙམ་མ་ཡིན་པར།  སྔོན་ནས་ད་བར་གྱི་མཛེས་མ་འགྲན་སྡུར་ཚང་མའི་སྐབས་སུ་བཟོས་ནས་ད་བར་དུ་སླེབས་པ་རེད།  འདིའི་ཕྱོགས་ནས་བློ་བཟང་དབང་རྒྱལ་གྱིས་བོད་མི་དམངས་ལ་དགོངས་དག་ཞུས་ན་རེད།

གསལ་བཤད།
(བཙན་བྱོལ་བོད་ཀྱི་མཛེས་མ། ) བོད་ནང་གི་བོད་མི་མང་བོའི་བསམ་ཚུལ་བཞིན།   བློ་བཟང་དབང་རྒྱལ་གྱི་འགྲན་སྡུར་གོ་སྒྲིག་འདི་བཙན་བྱོལ་གྱི་ངོ་གདོང་ཙམ་མཚོན་པའི་སྒེར་གྱི་མཛེས་མ་འགྲན་སྡུར་ཙམ་ཡིན་པ་ལས།  ཡོངས་ཁྱབ་རང་བཞིན་གྱི་(བོད་ཀྱི་མཛངས་མ་)འགྲན་བསྡུར་མིན་པར་བརྟེན། ངས་ཐ་སྙད་ཡང་དེ་ལྟར་དུ་བཏགས་ཡོད།  (བཙན་བྱོལ་མཛེས་མ་ཞེས་པའི་ཐ་སྙད་འདི་འཚམས་ཤོས་རེད།)
སྐབས་འདིར་བསྟན་འཛིན་སངས་ཉི་ཙམ་ལ་སྐྱོན་བརྗེད་བྱེད་པ་ལས།  བློ་བཟང་དབང་རྒྱལ་ལ་ལྷག་བསམ་རྣམ་དག་གི་སྐྱོན་བརྗོད་དང་ལེགས་སྤེལ་ཤེས་འགོག་གི་ལམ་སྟོན་བྱེད་འོས། ལྷག་པར་དུ་ལོ་རྗེས་མ་ནས་བཟུང་། བོད་སྐད་ཡིག་རང་རྐྱ་འཕེར་བ་ཙམ་བཙན་བྱོལ་མཛེས་མའི་སྔོན་འགྲོའི་ཆ་རྐྱེན་ཞིག་ཏུ་བགྲངས་དགོས་པའི་འབོད་སྐུལ་བྱེད་དགོས།  དེ་བཞིན་བློ་བཟང་དབང་རྒྱལ་ཁོ་རང་ཉིད་ཀྱིས་ཀྱང་ནམ་རྒྱུན་སྡིངས་ཆ་གང་མང་གི་ཐོག་ཏུ། བོད་སྐད། ཨིན་སྐད། ཧིན་སྐད་སོགས་བསྲེས་སྐད་རྒྱག་བཞིན་འདི་ལ་ཡང་དྲན་གསོ་གཏོང་དགོས།  གནད་དོན་འདི་ལ་བརྟེན། བཙན་བྱོལ་མཛེས་མ་ཚོ་ཡང་། དགེ་རྒན་ངན་པའི་དགེ་ཕྲུག་དང་ཕ་མ་ངན་པའི་བུ་ཕྲུག་ཆགས་པ་རེད།