བཙན་བྱོལ་སློབ་ཕྲུག་ཚོའི་སེམས་ཤུགས་ལ་ཡིད་ཆེས་བརྒྱ་ཆ་བརྒྱ་ཡོད།
ང་ཚོ་རང་དབང་ལུང་པ་ལ་ཡོད་པའི་སློབ་ཕྲུག་ཚོས་ཕུགས་རྒྱང་རིང་པོའི་ཐོག་ནས་རྩ་དོན་དང་༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་སྒྲུབ་ཐབས་ལ་བསམ་བློ་གཏོང་ཐུབ་རྒྱུ་གལ་ཆེན་ཡིན་སྐོར་སྲིད་ཚབ་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མས་གསུངས་སོང།
ཟླ་འདིའི་ཚེས་༤ ཉིན་དྷ་ས་མེག་གྷན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། རྣམ་གྲྭ་མཁན་ཟུར་ཟླ་བ་དབུ་ཞུགས་ཐོག ཉེ་འཁོར་གྱི་དགེ་འདུན་པ་རྣམས་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་གཙོས། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་སྲི་ཞུ་བ་རྣམ་པ། མི་མང་བཅས་མཉམ་འཛོམས་ཐོག ཕྱི་ཟླ་༢ ཚེས་༢༩ ཉིན་བོད་ཉག་རོང་རྫོང་ཐོག་ཏུ་གྲྭ་སྐལ་བཟང་དབང་འདུས་དང་། རྒྱ་གར་རྡེ་ར་ལྡུན་དུ་སློབ་ཕྲུག་རྡེ་རྗེ་ཚེ་རིང་གཉིས་ཀྱིས་བོད་དོན་དུ་རང་ལུས་མེར་སྲེག་བཏང་ནས། གྲྭ་སྐལ་བཟང་དབང་འདུས་ཉིན་དེར་གྲོངས་ཡོད་པ་དང། སློབ་ཕྲུག་རྡོ་རྗེ་ཚེ་རིང་ཟླ་འདིའི་ཚེས་༣ ཉིན་སྐུ་གྲོངས་ཡོད་པས། གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་མཆོད་འབུལ་སྨོན་ལམ་འཚོགས་སོང།
སྲིད་ཚབ་རྒྱ་རི་སྒྲོལ་མས་༢༠༠༩ ལོ་ནས་བོད་ནང་དུ་བོད་ཀྱི་རྩ་དོན་ཆེད་དུ་རང་ལུས་མེར་སྲེག་གནང་མཁན་དཔའ་བོ་དཔའ་མོ་༡༤༣ ཙམ་བྱུང་ཡོད་པ་དང། དེའི་ཁྲོད་༡༢༤ སྐུ་གྲོངས་ཡོད་པའི་ར་འཕྲོད་བྱུང་ཡོད་པ། གཞན་རྣམས་ཀྱིས་གནས་སྟངས་ཁ་གསལ་ཤེས་རྟོགས་བྱུང་མེད་པ། འདས་གྲོངས་སོང་བའི་དཔའ་བོ་དཔའ་མོའི་ནང་མི་དང་སྤུན་མཆེད། དགོན་པ་ལ་སོགས་པར་རྒྱ་གཞུང་གིས་དཀའ་ངལ་མང་པོ་སྤྲོད་བཞིན་པ་དང་གཞན་རྣམས་ཀྱི་གནས་སྟངས་ལ་སེམས་འཚབ་ཡོད་སྐོར་དང། ཁོང་གིས་“འགན་ཡོད་པའི་ཐོག་ནས་བཀའ་ཤག་གིས་ཞུ་རྒྱུ་ཞིག་ལ། ང་ཚོ་བཙན་བྱོལ་ནང་གི་སློབ་ཕྲུག་ཚོའི་སེམས་ཤུགས་ལ་བརྒྱ་ཆ་བརྒྱ་ཡིད་ཆེས་ཡོད། ཡིན་ཡང་ང་ཚོ་རང་དབང་ལུང་པ་ལ་ཡོད་པའི་སློབ་ཕྲུག་ཚོའི་ཕུགས་རྒྱང་རིང་པོའི་ཐོག་ནས་རྩ་དོན་དང་༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་སྒྲུབ་ཐབས་ལ་གནང་ཕྱོགས་གཞན་པའི་ཐོག་ལ་བསམ་བློ་བཏང་ཐུབ་ན་གལ་ཆེན་པོ་རེད་ཅེས་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་ཞུ་ཐུབ་ན་བསམ་བྱུང་”ཞེས་གསུངས་སོང། ཁོང་གིས་མུ་མཐུད་དུ་བོད་ཕྱི་ནང་གང་ནས་བལྟས་ན་བོད་ཀྱི་རྩ་དོན་དེ་མི་རབས་ནས་མི་རབས་ལ་རྒྱ་ནག་གིས་བཙན་དབང་འོག་ནས་བརླག་གི་མེད་པ་གསལ་པོ་ཡིན་པས། ང་ཚོ་དགའ་སྤོབས་བྱེད་འོས་པ་དང། དེ་བཞིན་ཉེ་ཆར་བོད་ཀྱི་གཞས་པ་གྲགས་ཅན་བདུད་བྷེ་སྐུ་གྲོངས་ཡོད་པས། ཁོང་གི་ནང་མི་ཚོར་གདུང་སེམས་མཉམ་བསྐྱེད་ཀྱིས་སྨོན་ལམ་རྒྱག་དགོས་པའི་རེ་སྐུལ་གནང་སོང།།
གསར་འགོད་པ་སྐལ་བཟང་དོན་གྲུབ།