བཙན་རྒྱལ་རྒྱ་དམར་བོད་ནས་མཐར་སྐྲོད་གཏོང་གི་ཡིན། །
རྫ་སྲས་བདེ་ཆེན།
1.
རྩོད་གཞིའི་དོན་མ་རྟོགས་པའི་རྩོད་པ་ནི། རྩོད་པ་ཐམས་ཅད་ལས་ཆེས་སྡུག་ཤོས་དེ་ཡིན་ལ། ནང་དོན་ཧ་མ་གོ་བའི་འགྲེལ་བཤད་ནི། འགྲེལ་བཤད་ཐམས་ཅད་ལས་ཆེས་ཚབས་ཆེ་ཤོས་དེ་ཡིན། དཔེར་ན། དེང་སྐབས་ང་ཚོས་རྩོད་བཞིན་པ་དང་འགྲེལ་བཞིན་པའི་“བཙན་རྒྱལ་རྒྱ་དམར་བོད་ནས་མཐར་སྐྲོད་གཏོང་གི་ཡིན། །” ཞེས་པ་དང་འབྲེལ་བའི་རྩོད་པ་དང་འགྲེལ་བཤད་ལྟ་བུ་རེད། ང་ཚོའི་ཆབ་སྲིད་པ་འགའ་རེར་མཚོན་ན། སྡིངས་ཆ་ཞིག་ནས་རྩོད་གཞི་དང་ཀླན་ཀ་རེ་སློང་ཐུབ་ན་དེ་གས་འཐུས་ཡོད་པར་སྣང་ཡང་། ཚེ་སྲོག་ཁྲི་མ་འབུམ་གྱིས་བྲིས་པའི་ཡིག་འབྲུ་འདི་དག་ལ་ལོག་འགྲེལ་ཡང་དང་བསྐྱར་དུ་བྱས་པ་མཐོང་ན་ཡིད་སེམས་བློང་བློང་པོར་འགྱུར་བ་ཞིག་རེད། ཉེ་ཆར་རྩོད་གླེང་འདི་ཐོས་འཕྲལ་འདི་འབྲེལ་གྱི་རྩོམ་ཐུང་ཞིག་བྲིས་ཡོད་ཀྱང་། རྩོད་གཞི་སློང་མཁན་རྣམ་པས་རྩོད་གཞིའི་ཚིག་དོན་གསལ་པོར་མ་རྟོགས་པར་བྱུང་རྒྱལ་དུ་སྨྲ་བ་དང་ཀླན་ཀ་འཚོལ་བ་ལྟ་བུའི་སྣང་ཚུལ་ཇེ་ཆེ་ཡིན་པས།ཡང་བསྐྱར་ཚིག་འགའ་མི་འབྲི་ཐུ་མེད་དུ་གྱུར།
2.
<<མི་མང་ལངས་གླུ་>>དང་འབྲེལ་བའི་རྩོད་པ་འདི་ད་ལྟ་སྲིད་སྐྱོང་འོས་མི་རྣམས་ཀྱི་སྔུན་ལ་བསྐྱལ་ཡོད་ལ། སྲིད་སྐྱོང་འོས་མི་ཞིག་གིས་འདི་ལ་ཡང་བསྐྱར་ལོག་འགྲེལ་ཆེ་ཐག་ཆོད་ཅིག་ཀྱང་བརྒྱབ་འདུག འདི་རིམ་གྱིས་༸རྒྱལ་བ་རིན་པོ་ཆེའི་མདུན་ལའང་བསྐྱལ་ངེས་རེད་སྙམ། བལྟས་འོང་ན། འབྱུང་འགྱུར་ལོ་འགའི་ནང་ལ་<<མི་མང་ལངས་གླུ>>འང་ང་ཚོའི་ནང་རྩོད་ཀྱི་རྩོད་གཞི་གསར་པ་ཞིག་ཏུ་འགྱུར་རྒྱུ་གོར་མ་ཆག
<<མི་མང་ལངས་གླུ་>>བརྩམས་ནས་མ་མཐའ་ཡང་ལོ་རྒན་དྲུག་ཅུ་ལྷག་འགོར་ཡོད་པས།“བཙན་རྒྱལ་རྒྱ་དམར་བོད་ནས་མཐར་སྐྲོད་གཏོང་གི་ཡིན།།”ཞེས་པའི་“བཙན་རྒྱལ” འདི་ནི་དུས་སྐབས་དེ་དང་ཉེ་བར་འབྲེལ་བའི་སྲིད་དོན་གྱི་བརྡ་ཆད་ཅིག་ཡིན་པས། “བཙན་རྒྱལ་རྒྱ་དམར་བོད་ནས་མཐར་སྐྲོད་གཏོང་གི་ཡིན།།”ཞེས་པའི་ཚིག་ཕྲེང་འདི་དབུ་མའི་ལམ་དང་མཐུན་མིན་གྱི་རྩོད་པ་དང་འགྲེལ་བཤད་སོགས་བྱེད་པ་ལ། ཐོག་མར་ཚིག་ཕྲེང་འདིའི་ནང་གི་“བཙན་རྒྱལ་”ཞེས་པ་འདི་ལ་འགྲེལ་བཤད་བྱེད་དགོས། རྩོད་གཞི་འདི་སློང་མཁན་རྣམ་པས་འདི་ལ་འགྲེལ་བཤད་ཅི་ཞིག་གནང་གི་ཡོད་དམ། ཀླན་ཀ་འདི་འཚོལ་མཁན་རྣམ་པས་འདི་ལ་གོ་བ་ཇི་ལྟར་ལེན་གྱི་ཡོད་དམ།
དེ་ཡང་“བཙན་རྒྱལ་”ཞེས་པ་འདི་ལ་དབྱིན་སྐད་དུ་ Empire ཟེར་ཞིང་། འདིའི་ནང་དོན་སྟབས་བདེ་ཤོས་ནི་རྒྱལ་པོའི་རྒྱལ་པོ་(king of kings) ཞེས་པ་དེ་རེད། ཅུང་ཙམ་ཁ་ཇེ་གསལ་དུ་བཏང་ནས་བཤད་ན། འདི་ནི་འདས་པའི་དུས་རབས་མང་པོའི་རིང་ལ་(གཙོ་བོ་ཡུ་རོབ་ནས་)བྱུང་བའི་རྒྱལ་པོའི་ལམ་ལུགས་ཀྱི་ཆབ་སྲིད་ལམ་ལུགས་ཤིག་སྟེ། སྟོབས་ཆེན་རྒྱལ་ཁབ་ཅིག་གིས་རྒྱལ་ཁབ་གཞན་ལ་བཙན་འཛུལ་གྱིས་དབང་སྒྱུར་བྱས་ཏེ། ཡུལ་ལུང་དེ་རང་ཉིད་ཀྱི་མི་སེར་སྤེལ་ཡུལ་དང་དཔལ་འབྱོར་འདུ་འགོད་བྱ་སའི་གནས་ཤིག་ཏུ་བསྒྱུར་བའི་སྲིད་ལུགས་ཤིག་ཡིན། དཔེར་ན། ཡུ་རོབ་རྒྱལ་ཁབ་རྣམས་ཀྱིས་ཨ་རི་ལ་བཙན་འཛུལ་དང་དབང་སྒྱུར་བྱས་ནས་ཡུལ་དེ་གའི་སྐད་ཡིག་རིག་གཞུང་དང་བཅས་པ་ཕལ་ཆེར་རྩ་མེད་དུ་བཏང་ནས་ཡུལ་དེའི་ཐོན་ཁུངས་ཡོངས་ལ་དབང་སྒྱུར་བྱས་པ་ལྟ་བུ་རེད། དབྱིན་ཇིའི་རྒྱལ་པོས་རྒྱ་གར་ལ་དབང་སྒྱུར་བྱས་པའང་འདིའི་དཔེ་མཚོན་གཞན་ཞིག་རེད།
3.
“བཙན་རྒྱལ་”ཞེས་པ་འདི་གཞན་སྐད་ལས་ཚུར་བསྒྱུར་བའི་བརྡ་ཆད་ཅིག་ཡིན་ལས་བོད་བརྡ་གཤའ་མ་ཞིག་མིན། དེ་ཡང་དབྱིན་སྐད་ཀྱི་ Empire ཞེས་པ་འདི་དང་རྒྱ་སྐད་ཀྱི་帝国ཞེས་པ་འདི་བོད་སྐད་དུ་བསྒྱུར་སྐབས། “བཙན་རྒྱལ” ཞེས་བསྒྱུར་ཅིང་། imperialism ཞེས་པ་བཙན་རྒྱལ་རིང་ལུགས་ཞེས་བསྒྱུར་ཡོད། དེ་ལྟར་བོད་ནང་གི་སློབ་དེབ་ཁག་དང་(1964 ཡས་མས་ལ་དཔར་བའི་)སྐད་གཉིས་ཤན་སྦྱར་གྱི་ཚིག་མཛོད་རྙིང་ཤོས་ཁག་ཏུ་བཀོད་ཡོད། ལྷག་པར་དུ་རྒྱ་དམར་གྱིས་བོད་ལ་དབང་སྒྱུར་བྱེད་སྐབས། “དབྱིན་ཇི་བཙན་རྒྱལ” (British empire) པས་ཅིག་བྱས་ཚུལ་དང་ཉིས་བསྒྲུབས་ཚུལ།“བཙན་རྒྱལ་རིང་ལུགས་”ལ་འགོག་རྒོལ་བྱེད་དགོས་ཟེར་བ། “᪠ཙན་རྒྱལ་རིང་ལུགས་པ་ནི་ངལ་རྩོལ་མི་དམངས་ལ་བཤུ་གཞོག་གཏོང་མཁན་དང་རྒྱལ་ཁབ་ཕྱི་ལ་བཙན་འཛུལ་དང་འཕྲོག་བཅོམ་བྱེད་མཁན་ཡིན་”ཟེར་བ་སོགས་ཀྱི་དྲིལ་བསྒྲགས་སྣ་ཚོགས་བྱས་པར་མ་ཟད། དེ་ལུགས་ཀྱི་གཞས་ཚིག་ཀྱང་བརྩམས་ནས་མང་ཚོགས་ཁྲོད་དུ་བཀྲམས་པས། བརྡ་ཆད་འདི་བོད་མི་ཚོའི་རྣ་བར་འཇགས་ཡོད། སྐབས་དེར་བོད་མི་ཕལ་མོ་ཆེས་སྲིད་དོན་གྱི་བརྡ་ཆད་འདིའི་ནང་དོན་ཆ་ཚང་བ་ཞིག་རྟོགས་ཡོད་མེད་ཅི་ཆ་སྟེ། མ་མཐའ་ཡང་ཁོ་ཚོས་བརྡ་ཆད་འདི་ཕྱིའི་བཙན་འཛུལ་བའི་སྟེང་ལ་བཀོལ་རྒྱུ་ཞིག་ཡིན་པ་རྟོགས་ཡོད། རྒྱབ་ལྗོངས་དེ་འདྲ་ཞིག་གི་སྟེང་ནས་བརྡ་ཆད་འདི་བོད་སྐད་ནང་བསླེབ་ཡོད་ལ། རྒྱ་དམར་གྱིས་རྒྱལ་ཁབ་གཞན་ལ་ངན་སྨད་བྱ་བྱེད་ཀྱི་བརྡ་ཆད་འདི་བོད་མི་ཚོས་<<མི་མང་ལངས་གླུ>>འི་ནང་ནས་རང་ཡུལ་ལ་བཙན་འཛུལ་དང་རང་ཡུལ་མི་སེར་སྤེལ་ཡུལ་དུ་སྒྱུར་མཁན་གྱི་རྒྱ་དམར་གྱི་སྟེང་ལ་ཕྱིར་བཀོལ་ཡོད།
4.
རྩོད་ཀྱི་ཆེད་དུ་རྩོད་གཞི་སློང་བ་དང་ཀླན་ཀའི་ཆེད་དུ་ཀླན་ཀ་འཚོལ་བར་དགའ་བའི་མི་དེ་དག་གིས་ཡིག་འབྲུ་གཉིས་ཀྱི་ཡིག་རྩ་དང་། ནང་དོན། བོད་སྐད་དུ་ཇི་ལྟར་བྱུང་བ་བཅས་ཀྱི་ནང་དོན་རགས་ཙམ་རྟོགས་རྗེས། “བཙན་རྒྱལ་རྒྱ་དམར”དང་། “རྒྱ་དམར”། “རྒྱ་ནག” ཅེས་པ་རྣམས་དོན་གཅིག་མིན་པ་གསལ་པོར་ཤེས་པའི་སྨོན་ལམ་འདེབས་ལ། སླད་ཕྱིན་ཁོ་ཚོས་ཉ་ཉུང་མཉམ་བསྲེས་བྱས་ནས་ལོག་འགྲེལ་གྱི་ངལ་བ་མི་བསྟེན་པའི་སྨོན་ལམ་ཡང་འདེབས།
མདོར་ན། བཙན་རྒྱལ་རིང་ལུགས་ཀྱི་སྲིད་དོན་ལམ་ལུགས་འདི་ནི་འདས་པའི་དུས་རབས་མང་པོའི་རིང་ལ་ལུགས་མཐུན་དུ་གྱུར་མྱོང་བའི་བྲན་གཡོག་ལམ་ལུགས་ལྟར་ད་ལྟ་རྒྱབ་ཁབ་སུས་ཀྱང་ཁས་ལེན་མི་བྱེད་ལ། རྒྱ་དམར་ལྟ་བུར་ཆ་མཚོན་ན། གོང་སྨྲས་ལྟར་ཁོ་ཚོས་ལོ་རབས་མང་པོའི་སྔོན་ནས་བརྡ་ཆད་འདི་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ངན་སྨད་བྱ་བྱེད་དུ་བཀོལ་ཡོད་པས། ལམ་ལུགས་འདི་རྒྱ་དམར་ཁོ་ཚོས་ཀྱང་རང་གི་རྩ་ཁྲིམས་དང་མཐུན་པར་ཁས་མི་ལེན་པ་སྨོས་ཅི་དགོས། འོན་ཀྱང་། དོན་ལ་རྒྱ་དམར་གྱིས་བོད་ནང་དུ་སྤེལ་བའི་སྲིད་ཇུས་ནི། བཙན་རྒྱལ་རིང་ལུགས་ཀྱི་སྲིད་ཇུས་ཏེ། བོད་ཀྱི་སྣོད་བཅུད་རིག་གཞུང་དང་བཅས་པར་བཙན་འཛུལ་དང་རྩ་མེད་བཟོ་ཐབས་ཀྱིས་བོད་ཡུལ་མི་སེལ་སྤེལ་ཡུལ་དུ་སྒྱུར་བའི་སྲིད་ཇུས་ཁོ་ན་ལས་མ་འདས་པས། ད་ལྟའི་རྒྱ་དམར་གྱི་སྲིད་ཇུས་ལ་“བཙན་རྒྱལ་རིང་ལུགས་”དང་། “མི་སེར་སྤེལ་བའི་ལམ་ལུགས་” (colonialism) ཞེས་བསྙད་པ་ལ་ཚིག་དོན་དང་ལུང་རིགས་གང་གི་ཐད་ནས་ཀྱང་འགལ་བ་མེད།
5.
དེས་ན།“བཙན་རྒྱལ་རྒྱ་དམར་བོད་ནས་མཐར་སྐྲོད་གཏོང་གི་ཡིན། །” ཞེས་བརྗོད་ཚེ། དབུ་མའི་ལམ་དང་ཇི་ལྟར་འགལ་ལམ།བོད་ཀྱི་སྣོད་བཅུད་རིག་གཞུང་དང་བཅས་པ་རྩ་མེད་བཟོ་ཐབས་དང་། བོད་ཡུལ་གྱི་ཐོན་ཁུངས་ཡོངས་རྫོགས་བདག་བཟུང་བྱས་ཏེ་བོད་ཡུལ་མི་སེར་སྤེལ་ཡུལ་དུ་སྒྱུར་བཞིན་པའི་རྒྱ་དམར་“བཙན་རྒྱལ་རིང་ལུགས་”ཀྱི་སྲིད་ཇུས་ལས་བོད་མྱུར་སྐྱོབ་བྱ་རྒྱུ་དེ་དབུ་མའི་ལམ་གྱི་དགོངས་དོན་དུ་འགྲེལ་གྱི་ཡོད་པ་མིན་ནམ། གལ་སྲིད་རྒྱ་དམར་གྱི་རྩ་ཁྲིམས་ཁྲོད་བཙན་རྒྱལ་རིང་ལུགས་ཀྱི་སྲིད་ཇུས་དེ་ཉིད་ཁྲིམས་མཐུན་ལུགས་མཐུན་ཡིན་པར་བཀོད་ཡོད་ཚེ།“བཙན་རྒྱལ་རྒྱ་དམར་བོད་ནས་མཐར་སྐྲོད་གཏོང་གི་ཡིན་”ཞེས་པ་དེ་དབུ་མའི་ལམ་དང་མི་མཐུན་པའི་དབང་དུ་བཏང་ཡང་། དེ་ལྟར་བཀོད་མེད་པ་ནི་སྨོས་ཅི་དགོས།
ཡང་ན། རྒྱ་དམར་གྱིས་བོད་ཡུལ་ལ་བཙན་རྒྱལ་རིང་ལུགས་ཀྱིས་སྲིད་ཇུས་དེ་འདྲ་ཞིག་སྤེལ་བཞིན་མེད་པའི་དབང་དུ་བཏང་ན།“བཙན་རྒྱལ་རྒྱ་དམར་བོད་ནས་མཐར་སྐྲོད་གཏོང་གི་ཡིན། །” ཞེས་པ་འདི་དབུ་མའི་ལམ་དང་མི་མཐུན་པར་བཤད་ཆོག་སྲིད་ཀྱང་། སྲིད་ཇུས་དེ་འདྲ་ཞིག་སྤེལ་བཞིན་ཡོད་མེད་ལ་ནི་ང་ཚོར་དོགས་པ་མེད་ངེས། འོ་ན་ཚིག་ཕྲེང་འདི་དབུ་མའི་ལམ་དང་མི་མཐུན་པར་རྗོད་མཁན་ཁྱེད་ཅག་ལྟར་ན། ང་ཚོས་རྒྱ་དམར་གྱིས་ཁས་ལེན་པ་ཞིག་མ་གཏོགས། གནད་དོན་གཞན་ཅི་ཡང་གླེང་མི་འོས་པ་ཡིན་ནམ། དེ་ལྟར་ན། ང་ཚོས་རྒྱ་དམར་གྱིས་བོད་ཀྱི་རིག་གཞུང་གཏོར་བརླག་དང་མི་རིགས་རྩ་མེད་གཏོང་བཞིན་པའང་བཤད་མི་ཆོག་པར་འགྱུར་བས་ཤིན་ཏུ་ཐལ་བར་འགྱུར་ལ། མཐར་ལྷུང་གི་ལྟ་བ་དེ་འདྲ་ལ་དབུ་མ་ཞེས་པའི་དོན་ག་ལ་ཡོད་དེ་མེད་དོ། །