བཙུན་མའི་ལས་འཆར་དབུ་བརྙེས་ནས་ལོ་ངོ་༣༠ འཁོར་བའི་དུས་དྲན།
བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གང་ཡོད་པ་དེ་༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་གཞིར་བཟུང་སྐུ་ལས་སྐྱོན་མཁན་ཚོས་འབད་བརྩོན་གནང་ནས་གྲུབ་འབྲས་སྨིན་པ་ཡིན་དུས་དེ་གཟི་བརྗིད་ཆེན་པོ་ཞེ་དྲག་རེད་ཅེས་བཙུན་མའི་ལས་འཆར་དབུ་བརྙེས་ནས་ལོ་ངོ་༣༠ འཁོར་བའི་དུས་དྲན་ཐོག་སྲིད་སྐྱོང་བློ་བཟང་སེང་གེས་གསུངས་སོང་།
ཟླ་འདིའི་ཕྱི་ཚེས་༢ ཉིན་གྱི་སྔ་དྲོ་ཆུ་ཚོད་༩ དང་སྐར་མ་༣༠ ཐོག་བོད་ཀྱི་བཙུན་མའི་ལས་འཆར་དབུ་བརྙེས་ནས་མི་ལོ་༣༠ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་ཞིག་དྷ་ས་བཙུན་དགོན་སྒྲོལ་མ་གླིང་རིགས་ལམ་སློབ་གཉེར་ཁང་གི་ཆོས་རྭར་འཚོགས་སོང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས་དབུས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། དགོན་སྡེ་དང་ཚོགས་སྐྱིད་ཁག་གི་སྐུ་ཚབ་རྣམ་པ། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་དད་ལྡན་སྦྱིན་བདག་ཁག དེ་བཞིན་ཕྱོགས་མཐའ་ཁག་ནས་ཕེབས་པའི་བཙུན་མ་རྣམ་པ་སོགས་སྐྱ་སེར་ཕོ་མོ་ཧ་ཅང་མང་པོ་འཛོམས་འདུག
སྐབས་དེར་ཐོག་མར་བཙུན་དགོན་སྒྲོལ་མ་གླིང་གི་སློབ་སྤྱི་ངག་དབང་བསྟན་འཛིན་གྱིས་ད་བར་འཇང་དགུན་ཆོས་འཚོགས་ནས་ལོ་ངོ་༢༣ རིང་ཆོས་རིག་ལས་ཁུངས་ཀྱིས་རྒྱབ་སྐྱོར་ཡོད་པའི་ཐོག་ནས་བཙུན་མའི་ལས་འཆར་ལ་མཐུན་འགྱུར་རོགས་རམ་གནང་ཡོད་པ་དང་། ཟླ་གཅིག་རིང་འཇང་དགུན་ཆོས་འཚོགས་པའི་སྐབས་སུ་ཚད་མ་རྣམ་འགྲེལ་ལ་ཐོས་བསམ་བྱེད་ཚེ་དགེ་མཚན་ཆེ་སྐོར། དགོན་པ་གང་དུ་འཇང་དགུན་ཆོས་འཚོགས་ན་ཕྱོགས་མཐའ་ཁག་ནས་ཕེབས་པའི་བཙུན་མ་རྣམས་ཀྱིས་དགོན་པ་དེའི་སྒྲིག་ཁྲིམས་ཚུལ་བཞིན་སྲུང་རྒྱུ་གལ་ཆེ་སྐོར་སོགས་ཀྱི་བཀའ་སློབ་དང་སྦྲགས། འཇང་དགུན་ཆོས་ཀྱི་སྒྲིག་གཞི་དོན་ཚན་བརྒྱད་གསལ་བསྒྲགས་གནང་སོང་།
དེ་རྗེས་བོད་ཀྱི་བཙུན་མའི་ལས་འཆར་གྱི་ངེས་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོས་བཙུན་མའི་ལས་འཆར་ཐོག་མར་དབུ་བརྙེས་སྟངས་ཀྱི་སྐོར་དང་། བོད་ནས་བཙུན་མ་མང་པོ་ཞིག་གློ་བུར་དུ་འབྱོར་སྐབས་བུད་མེད་ཚོགས་པས་བཙུན་མ་རྣམས་ལ་ཞབས་ཞུ་བསྒྲུབས་ཕྱོགས། བཙུན་མའི་ལས་འཆར་གྱི་འགོ་འཇུག་བར་གསུམ་དུ་བཀའ་ཤག་དང་ཆོས་རིག་ལས་ཁུངས་ཀྱིས་རྒྱབ་སྐྱོར་དང་མཐུན་འགྱུར་གནང་སྟངས་ཀྱི་སྐོར་སོགས་དང་འབྲེལ་ནས་བྱུང་རིམ་ལོ་རྒྱུས་སོགས་ཞིབ་ཕྲར་གསུངས་སོང་།
དེ་རྗེས་མཛད་སྒོའི་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེས་“༧གོང་ས་མཆོག་ནས་བཙུན་མའི་ལས་གཞི་དང་། བཙུན་དགོན། དེ་བཞིན་དགེ་བཤེས་མ་དགོས་ཀྱི་འདུག བསླབ་པ་སློབ་གཉེར་གནང་དགོས་ཀྱི་འདུག་ཅེས་བཀའ་སློབ་རིམ་པར་བསྩལ་བའི་བཀའ་དྲིན་ལ་བརྟེན་ནས། དེ་རིང་བཙུན་མའི་ལས་གཞི་ལོ་༣༠ འཁོར་བའི་མཛད་སྒོ་འཚོགས་ཐུབ་པ་བྱུང་ཡོད་པ་མ་ཟད། གྲུབ་འབྲས་ཡིན་ན་ཡང་ཚང་མས་གཟིགས་ཆོག་པའི་ཧ་ལས་པ་ཡག་པོ་བྱུང་ཡོད་རེད། དེ་དག་ཁོང་གི་བཀའ་དྲིན་ཡིན་པ་གསལ་པོ་ཞེ་དྲག་རེད། ང་སྐུ་མགྲོན་བྱས་ནས་མཛད་སྒོ་ཁག་ལ་བཅར་བའི་སྐབས་སུ། དཔེར་ན་སྨན་རྩིས་ཁང་ལ་ཡིན་ན་ཐོག་མར་བཙན་བྱོལ་ནང་སྨན་རྩིས་ཁང་གསར་དུ་འཛུགས་སྐབས་རྩིས་པ་དང་སྨན་པ་ཁ་ཤས་ཤིག་ལས་མེད་ཀྱང་། ༧གོང་ས་མཆོག་གིས་ཁྱེད་རང་ཚོ་སེམས་ཤུགས་མ་ཆགས་པ་བྱས་ནས་དཀའ་ལས་རྒྱོབས་ཤོག་ཨ། གྲུབ་འབྲས་སྨིན་རྒྱུ་ཡོད་རེད་ད། རིན་པས་རིན་པས་ང་ཚོ་ཡག་ཏུ་འགྲོ་ཡི་རེད་ཟེར་བཀའ་གནང་བ་གཞིར་བཟུང་བྱུང་ཡོད་རེད། དེ་བཞིན་ཟློས་གར་ལ་ཡིན་ན་ཡང་། བོད་ཤོར་ནས་ཚུར་ཕེབས་པའི་རྗེས་སུ་ཟློས་གར་ལ་འཁྲབ་སྟོན་གནང་མཁན་ཉུང་ཤས་ཤིག་ལས་ཡོད་མ་རེད། སྦར་མོ་གང་ལས་ཡོད་མ་རེད། འོན་ཀྱང་། ༧གོང་ས་མཆོག་ནས་ད་ཁྱེད་རང་ཚོས་ཤུགས་རྒྱོབས་ཤོག་ཨ། རིམ་པས་གྲུབ་འབྲས་སྨིན་རྒྱུ་ཡོད་རེད་ཅེས་བཀའ་གནང་ཡོད་རེད། དེ་དང་དེ་བཞིན་ནོར་བུ་གླིང་ཁ་གཙོས་པའི་བོད་མིའི་སྤྱི་ཚོགས་ནང་ལ་གང་ཡོད་པ་དེ་ཐོག་མར་༧གོང་ས་མཆོག་གི་བཀའ་སློབ་དང་བྱིན་རླབས། ལམ་སྟོན་གཞིར་བཟུང་སྐུ་ལས་སྐྱོན་མཁན་ཚོས་འབད་བརྩོན་གནང་ནས་གྲུབ་འབྲས་སྨིན་པ་ཡིན་དུས་དེ་གཟི་བརྗིད་ཆེན་པོ་ཞེ་དྲག་རེད།”ཅེས་དང་།
དེ་བཞིན་ཁོང་གིས་རྒྱ་ནག་དམར་པོས་བོད་མི་རྒྱ་རིགས་དང་། བོད་སྡེ་རྒྱ་སྡེར་བསྒྱུར་བའི་དམིགས་ཡུལ་འཛིན་ནས་ཐོག་མར་བོད་དབང་བསྒྱུར་བྱས་དུས་ནས་གཏོར་བཤིག་གཏོང་འགོ་བཙུགས་ཏེ། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ནང་གསལ་བ་བཞིན་བོད་ཀྱི་དགོན་སྡེ་ཁག་བརྒྱ་ཆ་༩༨ གཏོར་བཤིག་བཏང་ཡོད་པ་མ་ཟད། དགེ་འདུན་པ་དང་བཙུན་མ་བརྒྱ་ཆ་༩༩.༩ དགོན་སྡེ་ནས་ཕུད་དེ་བཙོན་འཇུག་བྱས་པ་སོགས་ཀྱི་སྒོ་ནས་ནང་ཆོས་ཀྱི་དྲི་མ་ཙམ་ཡང་མེད་པ་བཟོ་ཐབས་བྱས་ནས། བོད་ཀྱི་དཔལ་ཡོན་གྱི་གཞི་རྩ་བ་ནས་མེད་པ་གྱུར་ཚེ་ཁོ་རང་ཚོའི་དམིགས་ཡུལ་འགྲུབ་ཀྱི་རེད་བསམ་ནས་འབད་བརྩོན་བྱས་ཡོད་ཀྱང་། རིམ་པས་བཙན་བྱོལ་དུ་འབྱོར་བའི་སྦག་ས་ཆོས་སྒར་གྱི་དགེ་འདུན་པ་རྣམས་དང་། དེ་བཞིན་རིམ་པས་བོད་ནང་ཀྱང་སྐུ་ལས་བསྐྱོན་ནས་བོད་ནང་དུ་རྒྱ་གཞུང་གིས་གཏོར་བཤིག་གཏོང་བ་རྣམས་བཙན་བྱོལ་ནས་བསྐྱར་གསོ་ཐུབ་པ་བྱུང་ཡོད་པ་ཙམ་མ་ཟད། རྒྱ་མིའི་དྲག་གནོན་འོག་ནས་བོད་ནང་ལ་ནང་ཆོས་བསྐྱར་གསོ་བྱེད་ཐུབ་པ་བྱུང་ཡོད་ཁར། ཧི་མ་ལ་ཡའི་རི་བརྒྱུད་དང་རྒྱ་ནག་ནང་ཡང་བསྐྱར་གསོ་ཐུབ་པ་བྱུང་ཡོད་སྐོར་དང་། དེ་བཞིན་འཛམ་གླིང་གི་ཁྱོན་དུ་ནང་བསྟན་རིག་གནས་དར་ཁྱབ་བྱུང་ཐུབ་ཡོད་པ་དང་། དེ་དག་ནི་བོད་ཕྱི་ནང་གཉིས་ནས་༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་རྣམས་གཞི་རུ་འཛིན་པའི་ཐོག་ནས་འབད་བརྩོན་བྱས་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་སྐོར་སོགས་ཀྱི་བཀའ་སློབ་ལམ་སྟོན་ཟབ་རྒྱས་གནང་སོང་།
གཞན་ཡང་མཛད་སྒོའི་ཐོག་ཐོན་དང་པོའི་དགེ་བཤེས་མ་༢༠ ཐམ་པ་དང་། སློབ་དཔོན་མ་༡༥ ལ་གཟེངས་བསྟོད་བྱ་དགའ་དང་། སྐུ་མགྲོན་གཙོ་བོ་དང་དམིགས་བསལ་སྐུ་མགྲོན་རྣམ་པ། བཙུན་མའི་ལས་འཆར་འགན་ལྷན་གྱི་ཚོགས་མི་རྣམ་པ། རོགས་ཚོགས་ཁག་དང་རྒྱ་གར་གྱི་དཔོན་རིགས། ཡུལ་མིའི་གྲོགས་པོ་རྣམ་པ་དང་འབྲེལ་ཡོད་ལས་བྱེད་རྣམས་ལ་ཐུགས་རྗེ་ལེགས་འབུལ་གྱི་གཟེངས་བསྟོད་བྱ་དགའ་ཕུལ་སོང་། །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།