བཙུན་ཤག་གཏོར་ནས་བཙུན་མ་ ༡༠༦ ཕྱིར་འབུད།
ཟླ་༡༠ ཚེས་༥ ཉིན་ཁམས་ནག་ཤོད་འབྲི་རུ་རྫོང་བན་དཀར་(པད་དཀར་)ཡུལ་ཚོ། བྱ་མདའ་དགོན་དཔལ་ལྡན་མཁའ་སྤྱོད་གླིང་གི་བཙུན་མ་༡༠༦ ཙམ་རྒྱ་གཞུང་གིས་ཕྱིར་འབུད་བཏང་བ་མ་ཟད་བཙུན་ཤག་མང་པོ་གཏོར་འདུག
དེ་ཡང་འབྲེལ་ཡོད་ཀྱིས་འགྲེལ་བརྗོད་གནང་བ་ལྟར་ན། རྒྱ་ནག་གཞུང་གིས་ཁམས་འབྲི་རུ་རྫོང་ཁོངས་སུ་ཡོད་པའི་བྱ་མདའ་དགེ་ལྡན་མཁའ་སྤྱོད་གླིང་གི་བཙུན་མ་༡༠༦ དགོན་ནས་ཕྱིར་འབུད་བཏང་སྟེ། དཔལ་འབར་རྫོང་དང་སོག་རྫོང་། འབྲི་རུ་རྫོང་བཅས་སུ་ཡོད་པའི་གྲོང་ཚོ་ཁག་གི་འགོ་ཁྲིད་བརྒྱུད་རང་ཁྱིམ་དུ་རྩིས་སྤྲོད་བྱས་ཡོད་པ་དང་། ཕྱིར་འབུད་བཏང་བའི་བཙུན་མ་དེ་དག་གི་རང་ཁྱིམ་དུ་ཁ་འདོན་འདོན་པ་དང་གྲྭ་ཆས་གྱོན་མི་ཆོག་པའི་བཙན་བཀའ་བཏང་འདུག
གཞུང་གི་རོགས་རམ་འོག་བཙུན་ཤག་གསར་པ་རྒྱག་རྒྱུ་ཡིན་ཚུལ་བཤད་ནས་བཙུན་ཤག་མང་ཆེ་བ་གཏོར་བཤིག་བཏང་ཡོད་སྟབས། ད་ལྟ་ཤུལ་དུ་ལྷག་པའི་བཙུན་མ་རྣམས་ཀྱང་འདུག་ས་མེད་པར་དཀའ་ངལ་ཆེན་པོ་འཕྲད་ཀྱི་འདུག དགོན་པའི་གཡས་གཡོན་གྱི་གྲོང་ཚོའི་ནང་ཕྱིན་ན། སོ་སོའི་ནང་མིན་ཚེ་གྲོང་ཚོའི་འགོ་ཁྲིད་ཀྱི་ཆོག་མཆན་ཡི་གེ་འདྲ་པོ་དགོས་ཀྱི་ཡོད་འདུག ད་ལྟའི་ཆར་སྲིད་གཞུང་གིས་ས་གནས་ཀྱི་དགོན་
གྲོང་ནང་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་སྟབས། པར་དང་གནས་ཚུལ་ཕྱི་ཕྱོགས་སུ་གཏོང་ཁག་པོ་ཆགས་ཡོད་འདུག ཐ་ན་མི་གཉིས་མཉམ་དུ་སྐད་ཆ་བཤད་ནས་འགྲོ་རྒྱུར་ཡང་དཀའ་ངལ་སྤྲད་ཀྱི་ཡོད་སྐོར་འབྲེལ་ཡོད་ཀྱིས་ཀྱིས་བརྗོད་འདུག
སྲིད་གཞུང་གི་འགོ་ཁྲིད་ཚོས་བཙུན་ཤག་གཏོར་སའི་ས་ཆ་དེ་རང་ལ་གཞུང་གིས་བཙུན་ཤག་རྒྱག་རྒྱུ་ཡིན་པ་སོགས་སྒྲིག་ཁོངས་ཀྱི་བཙུན་མ་ཚོར་རོགས་རམ་བྱེད་འཆར་ཡོད་སྐོར་དང་། རྒན་ཡོལ་གྱི་བཙུན་མ་ཚོར་རྒན་གསོ་ཁང་རྒྱག་རྒྱུ་དང་། སྒྲིག་ཁོངས་ན་མེད་པའི་བཙུན་མ་ཚོར་སློབ་གྲྭ་འཛུགས་རྒྱུ་ཡིན་ལུགས་གཡོ་རྫུན་དང་མགོ་སྐོར་བཏང་སྟེ། ཕྱི་ཟླ་༩ ཚེས་༣༠ ནས་ཟླ་༡༠ ཚེས་ ༢ ཉིན་གྲངས་གསུམ་རིང་ས་གནས་འགོ་ཁྲིད་ཚོ་བྱ་མདའ་དགོན་དུ་ཡོང་སྟེ། བཙུན་དགོན་གྱི་གསེར་དངུལ་ལས་གྲུབ་པའི་རོལ་ཆའི་རིགས་དང་། ལྷ་སྐུ་གསུང་རབས་རྣམས་ས་གནས་སྲིད་གཞུང་གིས་བདག་བཟུང་བྱས་ཡོད་པ་མ་ཟད། དགོན་པའི་ལྷ་ཁང་མན་ཆད་ཀྱི་བཙུན་ཤག་ཚང་མ་གཏོར་བཤིག་བཏང་ཚར་ཡོད་འདུག ལྷ་ཁང་ཡན་གྱི་བཙུན་ཤག་ཁ་ཤས་ཀྱང་གཏོར་ཚར་ཡོད་ལ། ཆུ་ཕར་རྒྱབ་ཀྱི་ཁང་པ་རྣམས་ཀྱང་གཏོར་འཆར་ཡོད་སྐོར་དང་། བྱ་མདའ་དགོན་གྱི་ཕྱིར་འབུད་བཏང་བའི་བཙུན་མ་རྣམས་ཀྱི་ཁང་པ་མང་པོ་དགོན་པ་ལ་ཕུལ་ཡང་། སྲིད་གཞུང་གིས་གཏོར་བཤིག་བཏང་སྟེ་ཤིང་ཆ་རྣམས་བན་དཀར་གྲོང་ཚོའི་འགོ་ཁྲིད་དང་ནགས་ལས་བ་ཚོས་གཅིག་ཏུ་སྤུངས་ཏེ་དབོར་འདྲེན་བྱ་འཆར་ཡོད་སྐོར་བརྗོད་འདུག
ཕྱི་ཟླ་ ༡༠ ཚེས་ ༥ ཉིན་ནས་བཟུང་ས་གནས་མགོ་ཁྲིད་ཚོས་དགོན་པའི་སྒྲིག་ཁོངས་སུ་ཡོད་པའི་བཙུན་མ་རྣམས་ལ་ཚོགས་འདུ་ཡང་ཡང་བསྡུས་ཏེ། ༧གོང་ས་མཆོག་ལ་མཚན་སྨོད་ཞུ་དགོས་པ་དང་རྒྱལ་གཅེས་ཆོས་གཅེས་ཀྱི་བསམ་བློ་སྐྱེད་སྲིང་དགོས་ལུགས་ཀྱི་བཙན་བཀའ་བཏང་བ་སོགས། ད་ལྟ་དགོན་སྡེ་གཉིས་ཀྱི་སྡུག་བསྔལ་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན་པ་མ་ཟད། ཕྱི་ལོ་ ༡༩༥༩ ལོ་ལྟ་བུའི་ཛ་དྲག་གི་གནས་སྟངས་མངོན་སུམ་མིག་མཐོང་ལག་ཟིན་དུ་གྱུར་ཡོད་འདུག
དེ་བཞིན་ཕྱི་ལོ་༢༠༡༤ ལོའི་ལོ་མཇུག་ཙམ་ལ་དགོན་པ་དེའི་བཙུན་མ་༢༦ ཙམ་རྒྱ་གཞུང་གིས་ཕྱིར་འབུད་བཏང་ཡོད་འདུག བྱ་མདའ་དགོན་པ་ནི་དགེ་ལུགས་པའི་ཆོས་བརྒྱུད་འཛིན་པའི་བཙུན་མའི་དགོན་སྡེ་ ཞིག་ཡིན་པ་དང་། འཛིན་རིམ་དགུ་པ་བར་དུ་སློབ་སྦྱོང་བྱེད་ཆོག་པ་དང་། རྒྱུན་དུ་བན་དཀར་ཡུལ་ཚོའི་བཙུན་མ་དང་། ཉེ་འཁོར་གྱི་རྒྱལ་སྟོན། ཁྲི་རྡོ། ནགས་ཤོད། སོག་རྫོང་བཅས་ཀྱི་བཙུན་མ་མང་པོ་སློབ་གཉེར་བྱེད་བཞིན་ཡོད་པ་མ་ཟད། མདོ་དབུས་ཁམས་གསུམ་གང་ས་ནས་བཙུན་མ་མང་པོ་སློབ་གཉེར་བྱེད་དུ་སླེབས་ཡོད་འདུག ཡེ་ཤེས་མཁའ་འགྲོ་བསོད་ནམས་དཔལ་འདྲེན་གྱི་སྲས་དྲུང་ཆེན་བསོད་ནམས་དོན་ གྲུབ་ཀྱིས་༡༤༨༨ ལོར་ཕྱག་བཏབ། ཐོག་མར་བཀའ་བརྒྱུད་པའི་དགོན་པ་ཡིན་པ་དང་། ཕྱིས་སུ་སྟག་ཕུ་མཐུ་ཆེན་བློ་བཟང་འཇམ་དཔལ་གྱིས་དགེ་ལྡན་པའི་དགོན་པར་བསྒྱུར་ཡོད་འདུག རིག་གསར་སྐབས་བོད་སྤྱིའི་དགོན་སྡེ་ལྟར་གོད་ཆག་བྱུང་ཡང་། རྗེས་སུ་༡༩༨༤ ལོ་ཙམ་ནས་བཙུན་མ་ཆོས་འཛོམས་ཀྱིས་གཙོས་བཙུན་མ་དག་གི་ཉམས་གསོ་བྱས་ཡོད་འདུག
ཟླ་འདིའི་ཚེས་༩ ཉིན་དྷ་སར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་འབྲི་རུའི་གནས་ཚུལ་དེའི་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བ་དང་། འགན་འཛིན་ཚེ་རིང་མཚོ་མོས། ཕྱི་ལོ་༢༠༡༡ ལོ་མཇུག་ཙམ་ནས་བཟུང་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་སུ་དམར་ཤོག་མང་ཚོགས་ལམ་ཕྱོགས་ཟེར་བའི་ཆབ་སྲིད་ལས་འགུལ་སྤེལ་ཏེ། ནག་ཆུ་ས་ཁུལ་དང་ཡང་སྒོས་འབྲི་རུ་རྫོང་དང་སོག་རྫོང་བཅས་ནི་ལས་འགུལ་དེ་སྤེལ་ཡུལ་ཚབ་མཚོན་ས་ཁུལ་ཏུ་བཟུང་ནས་ལས་འགུལ་ཤུགས་ཆེན་པོ་སྤེལ་ཏེ། ས་གནས་བོད་མི་རྣམས་ལ་དྲག་གནོན་གྱིས་ཛ་དྲག་གནས་སྟངས་རིམ་པར་བྱུང་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་༩ པའི་ནང་སྤེལ་བའི་བཀག་སྡོམ་ཡིག་ཆ་དེས་སྔར་ལས་ལྷག་པར་ཛ་དྲག་གནས་སྟངས་མུ་མཐུད་ལྷག་ཡོད་པ་བསྟན་ཡོད་ཅེས་དང་།
ང་ཚོའི་ངོས་ནས་འབྲི་རུ་རྫོང་དང་སོག་རྫོང་ནང་འགྲོ་བ་མིའི་རིགས་ལ་མནར་གཅོད་གདུག་རྩུབ་ཀྱི་བྱ་སྤྱོད་ཀྱིས་མཚོན་པའི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བྱེད་བཞིན་པར་བློ་འཚབ་ཆེན་པོ་བྱེད་ཀྱིན་ཡོད་ལ། རྒྱ་གཞུང་གིས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག ས་ཁུལ་དེ་དག་གི་ནང་གནས་སྟངས་རྟོགས་ཞིབ་ཆེད་ཡོང་འཇུག་དགོས་པར་སྐུལ་མ་དང་། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་གིས་ཛ་དྲག་གནས་སྟངས་དེའི་ཐད་དོ་སྣང་དང་། རྒྱ་གཞུང་ལ་གནོན་ཤུགས་སྤྲོད་པར་འབོད་སྐུལ་ཞུ་བཞིན་ཡོད་ཅེས་བརྗོད་སོང་།།
གསར་འགོད་པ་ངག་དབང་ཐར་པ།